《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུ་དང་རང་འགུལ་གྱིས།

དམངས་ཕན་ཞབས་ཞུ་ཧུར་ཐག་བསྒྲུབས་ནས། ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཕྱོགས་བསྡུས་གནས་ཚུལ་འབྱོར་གསལ། ནུས་ཤུགས་ཡོད་རྒུས་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་། རིམས་ནད་སྔོན་འགོག་གི་དྲིལ་བསྒྲགས་ཡག་པོ་བྱེད་པ། དྲ་ཐོག་གི་དམངས་ཕན་ཞབས་ཞུ་ཧུར་ཐག་སྒྲུབ་པ་སོགས་རིམས་ནད་ལ་ཁ་གཏད་གཅོག་པའི་སྐབས་འདིར། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པའི་གནད་དོན་ཏན་ཏིག་ངང་ཐག་གཅོད་ཡག་པོ་བྱས་ཏེ་དམངས་འཚོར་ཞབས་འདེགས་ཞུ་བའི་ལས་དོན་ཁག་ཞིབ་ཅིང་ཕྲ་བ་སྒྲུབ་བཞིན་ཡོད།

ཟླ་2ཚེས་2ཉིན་གྱི་སྔ་དྲོ། གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མཛོད་ཉར་སྡེབ་སྐྱེལ་ལྟེ་གནས་དང་ཁྲེང་ཀོན་ཆུས་ས་གཙང་སྔོ་ཚལ་དྲོད་ཁང་ཆེ་མོའི་ནང་། སྔོ་ཚལ་དང་། ཀྭ་རིགས་དང་ཤིང་ཏོག ཤ་རིགས། འབྲས། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འདང་ངེས་ཡོད་པ་དང་གསར་དུ་ཉོ་སྒྲུབ་བྱས་པའི་འཚོ་བའི་མཁོ་ཆས་ཀྱང་མུ་མཐུད་འབྱོར་བཞིན་ཡོད་པ་མཐོང་བྱུང་།

རྒྱ་ཆེའི་གྲོང་མིར་བདེ་འཇགས་དང་བློས་འགེལ་ཆོག་པའི་ཉོ་ཚོང་གི་ཁོར་ཡུག་གཏོད་ཆེད། ལྷ་ས་གྲོང་ཁུལ་དུ་གནས་པའི་ཁ་བཏགས་ཉོ་ཚོང་ཐང་ཆེན་གྱི་སྒོ་རྩིས་ཚོང་ཁང་གིས་ལས་དོན་པ་ནས་ཚོང་རའི་བར་དུག་སེལ་གྱི་ལས་དོན་ཁག་ཏན་ཏིག་བསྒྲུབས་ཡོད་པ་དང་། ལྷག་པར་དུ་ལས་དོན་པས་ཚོང་རའི་ནང་བསྐྱོད་རིམ་བཞིན་དུག་སེལ་ནན་པོ་བྱེད་པ་དང་འབྲེལ་གཟུགས་པོའི་ཚ་བ་འཇལ་གྱི་ཡོད། གྲོང་མིས་ཁ་རས་བརྒྱབ་མེད་པར་ཚོང་རའི་ནང་འཛུལ་བ་མཐོང་ཚེ་ལས་དོན་པས་གྲོང་མིར་རིན་མི་དགོས་པར་ཁ་རས་སྤྲོད་ཀྱི་ཡོད།

ཁ་བཏགས་ཉོ་ཚོང་ཐང་ཆེན་གྱི་སྒོ་རྩིས་པུའི་ལས་རེས་ཅིང་ལི་ཀརྨ་ཡིས“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཁོ་ཆས་ཁྲོམ་རའི་དགོས་མཁོ་སྐོང་ཆེད། ན་ནིང་གི་ལོ་མཇུག་ནས་ང་ཚོས་ཚོང་ཟོག་གྲབས་གསོག་ཧུར་ཐག་བྱས་པ་ཡིན། མིག་སྔར། འཚོ་བའི་དངོས་ཟོག་སྣ་ཚོགས་མཁོ་འདོན་དང་ཉར་ཚགས་འདང་ངེས་ཡོད་ལ་སྣ་ཁ་འཛོམས་པ་དང་རིན་གོང་ཡང་བརྟན་པོ་ཡོད་པ་མ་ཟད། ད་དུང་ཆེད་མངགས་དམིགས་བསལ་རིན་གོང་གི་བྱེད་སྒོའང་སྤེལ་ཡོད། གཞན་ཡང་། ཚོང་ཟོག་ཉོ་མཁན་གྱི་འཛད་སྤྱོད་རིན་གོང་ངེས་ཅན་ཟིན་ཚེ་ཚོང་ཟོག་སྒོ་འགྲམ་དུ་སྐྱེལ་བའི་ཞབས་འདེགས་ཞུ་གི་ཡོད”ཅེས་ངོ་སྤྲོད་བྱས་བྱུང་།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་དམངས་ཡོངས་ཀྱི་རྒྱབ་སྐྱོར་དང་། དམངས་ཡོངས་དེའི་ནང་ཞུགས་པ། དམངས་ཡོངས་ཀྱིས་ལེགས་སྐྱེས་འབུལ་དགོས། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་དང་། ཁྲོམ་གཞུང་། སྨན་ཁང་སོགས་གཙོ་གནད་ས་ཆར་ལས་སྒྲུབ་ལས་བྱེད་ཉེན་རྟོག་པ་དང་། སྨན་དོན་མི་སྣ། དུས་རབས་གསར་པའི་ཤེས་དཔལ་ལག་བསྟར་གྱི་ཞབས་ཞུའི་དཔུང་ཁག གཞོན་ནུ་དང་བླངས་པའི་ཚོགས་སྤྱི་སོགས་ཀྱི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད།

ཀོང་པོ་རྒྱ་མདའ་རྫོང་གི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་འགྱུར་བརྟན་པོ་དང་འཕྲལ་དུ་བྱ་སྤྱོད་སྤེལ་ནས། “དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་གཡུལ་ས་གཉིས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཡོད།

“དྲ་ཐོག་ནས་སྒྲུབ་པ་དང་། རང་འདེམས་ངང་སྒྲུབ་པ། དུས་ཚོད་ནར་འགྱངས་བྱས་ནས་སྒྲུབ་པ”བཅས་ཀྱི་དམངས་ཕན་ཞབས་ཞུའི་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་2020ལོའི་ཟླ་2ཚེས་3ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་འགྲིམ་འགྲུལ་དོ་དམ་ལས་སྒོ་ཚང་མ་དྲ་ཐོག་ནས་བསྒྲུབ་རྒྱུ་གཏན་འཁེལ་བྱས་པ་དང་། འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་དང་། རླངས་འཁོར་གྱི་ཞིབ་བཤེར་མཚོན་རྟགས་རེ་ཞུ། ཞིབ་བཤེར་ཚད་ལོན་མཚོན་རྟགས་གསབ་ལེན་སོགས་རྣམ་གྲངས་ཁག་25ཡི་རྨང་གཞིའི་ལས་སྒོ་འགྲིམ་འགྲུལ་དོ་དམ་གྱི་12123གྱི་ལས་སྟེགས(www.122.gov.cn)སམ་ཡང་ནAPPདྲ་ཐོག་བརྒྱུད་ནས་ལས་སྒོ་གཉེར་ཆོག འཁོར་རིགས་དོ་དམ་སུའོ་ཡིས་EMSསྦྲག་བསྐུར་སོགས་བརྒྱུད་ནས་དམངས་ཕན་ལས་སྒོ་སྣ་ཚོགས་གཉེར་གྱི་ཡོད།

ཟླ་2ཚེས་3ཉིན་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་དང་། འཁོར་རིགས་དོ་དམ་སོགས་འགྲིམ་འགྲུལ་དོ་དམ་སྐར་ཁུང་གི་ལས་སྒོ་ཚང་མ་གནས་སྐབས་གཉེར་མཚམས་འཇོག་རྒྱུ་ཡིན་པ་དང་། ལས་སྒོ་གཉེར་མཚམས་བཞག་ནས་དུས་ཚོད་ལས་བརྒལ་བར་ཆད་པ་གཅོད་ཀྱི་མེད། དེའི་ནང་ལྷ་ས་གྲོང་ཁྱེར་གྱིས་ཁ་ལོ་བའི་ཡིག་རྒྱུགས་དང་། ཞིབ་བཤེར་སློབ་གསོ་སོགས་དུས་ཚོད་ཀྱི་བླང་བྱ་ཡོད་པའི་ལས་སྒོའི་དུས་ཚོད་ནར་འགྱངས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། དྲ་ཐོག་ཏུ་སྔོན་མངགས་ཟིན་རིགས་ལ། འཁོར་རིགས་དོ་དམ་སུའོ་ནས་གཅིག་གྱུར་ཐོག་མེད་པ་བཟོ་བ་དང་། ཡིག་རྒྱུགས་སྔོན་མངགས་མེད་པ་བཟོས་པ་དེ་རྒྱུགས་གཏོང་གི་ཐེངས་གྲངས་སུ་མི་བརྩི་བ་མ་ཟད། དུས་ཐེངས་རྗེས་མའི་ཡིག་རྒྱུགས་སྔོན་མངགས་ཀྱི་གོ་རིམ་ལ་ཤུགས་རྐྱེན་ཐེབས་ཀྱི་མེད། ཁ་ལོ་བའི་ལག་ཁྱེར་བརྗེ་པོ་རྒྱག་པ་དང་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་སོགས་དུས་བཀག་འོས་འཚམ་གྱིས་ནར་འགྱངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁ་ལོ་བའི་ལག་ཁྱེར་ཞིབ་བཤེར་བྱས་ནས་བརྗེ་པོ་རྒྱག་པ་དང་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་སོགས་ཀྱི་ལས་སྒོ་དུས་བཀག་ནང་ལས་སྒོ་གཉེར་མི་ཐུབ་ཚེ་རིམས་ནད་སྔོན་འགོག་གི་ལས་དོན་མཇུག་འགྲིལ་རྗེས་ལས་སྒོ་གཉེར་ཆོག་གི་ཡོད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)