《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ལོ་གསར་པའི“སྐོར་གཡེང་ཐོག་མ”

—— ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་ཐུན་མོང་མ་ཡིན་པའི་དཔྱིད་གསར་དུས་ཆེན།

གླེང་གཞི། ལོ་གསར་གྱི་ངལ་གསོའི་རིང་། སྐྱེ་བོ་ཕལ་ཆེ་བ་ནང་མི་སྤུན་མཆེད་དང་། གྲོཌ་པོ་གྲོགས་མོ་དང་མཉམ་དུ་འཛོམས་ནས་བཀྲ་ཤིས་དུས་སྟོན་ལ་ལྷན་དུ་རོལ་གྱི་ཡོད། ཡིན་ན་ཡང་། དམིགས་བསལ་གྱི་ལས་གནས་སུ་ཡོད་པའི་ལས་བྱེད་ལས་བཟོ་ཁག་གཅིག་གིས་ངལ་གསོའི་དུས་ཚོད་བློས་བཏང་སྟེ། ལས་གནས་བརྟན་པོར་བསྲུངས་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་བདེ་འཇགས་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོང་བྱེད་བཞིན་མཆིས། དེའང་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་མངགས་གཏོང་ཁང་བོད་ལྗོངས་ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཕུ་མ་བྱང་ཐང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོའི་ངོས་ནས་བརྗོད་ན། ཆ་སྙོམས་ས་བབ་མཐོ་ཚད་སྨི་5373མཐོ་གྲང་ཁུལ་དུ། ལས་དོན་སྒྲུབ་པ་དང་འཚོ་བ་སྐྱེལ་བ་ནི་ལོ་གསར་པར་བསུ་བ་ཞུ་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད། 1 ཆེས་སྤྱིར་བཏང་མིན་པའི་སྐོར་གཡེང་ཞིག ཁོང་ཚོས་སྐོར་གཡེང་གི་སྒྲིག་ཆས་གྲ་སྒྲིག་འཐུས་ཚང་བྱས་པ་དང་དགོས་ངེས་ཀྱི་ལམ་རྒྱགས་ལེགས་པར་ཁྱེར་ཏེ། ཐལ་རླུང་ཆེན་པོའི་ཁྲོད་ལོ་གསར་པའི་སྐོར་གཡེང་ཐོག་མ་བྱེད་འགོ་ཚུགས། ཐག་རིང་གི་འཁྱག་རོམ་མིག་ལམ་དུ་མངོན་ཞིང་། ཐག་ཉེ་པོ་དེ་ཙམ་མེད་པར་སྣང་ཡང་། དོན་དུ་རླངས་འཁོར་ལ་བསྡད་ནས་མ་མཐར་ཡང་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འགྲོ་དགོས་ཀྱི་ཡོད། བརྒྱུད་དགོས་ངེས་ཀྱི་ལམ་བུར་འཁྱག་པ་ཐེབས་ཡོད་པས་ད་རེས་འཁྱག་རོམ་དུ་སྐྱོད་པའི་དུས་ཡུན་དེ་བས་རིང་བ་བྱུང་། ཁོང་ཚོ་རི་གཤམ་དུ་སླེབས་སྐབས་ངལ་གསོ་ཁོམ་བཞག་སྟེ་རྐང་ཐང་མར་སྐོར་གཡེང་ལ་སྐྱོད་འགོ་ཚུགས། དྲོད་ཚད་ཀླད་ཀོར་འོག་གི་ཧྲི་ཧྲེ་ཏུའུ་26ཡིན་པ་དང་ཁ་བ་བུ་ཡུག་གི་གནམ་གཤིས་ནི་དུས་ཚིགས་དེའི་འཁྱག་རོམ་གྱི“ཐུན་མོང་མ་ཡིན་པའི་ཁྱད་ཆོས”གཙོ་བོ་རེད། བཀྲག་མདངས་ཉི་འོད་ས་གཞིར་འཕྲོས་ནའང་གྲང་ངད་ཆེ་བའི་ཡུལ་ལུང་དེར་དྲོ་སོབ་སོབ་ཀྱི་སྣང་བ་སྟེར་དཀའ་མོད། འོན་ཀྱང་མི་དམངས་ཉེན་རྟོག་པ་ཚོའི་གོམ་སྟབས་དང་གཟུགས་བརྙན་གངས་འཁྱག་གིས་བཏུམས་པའི་ས་གཞིའི་ཁྲོད་སྔར་བས་བརྟན་ཞིང་འགྱིང་ཉམས་ལྡན། “ད་ལྟ་མི་མང་པོ་འཚམས་འདྲི་དང་དགོད་སྒྲའི་ཁྲོད་དཔྱིད་གསར་དུས་ཆེན་གཏོང་བཞིན་ཡོད། འོན་ཀྱང་ང་ཚོའི་དཔྱིད་གསར་གཏོང་སྟངས་ནི་སྲོལ་རྒྱུན་གྱི་གཏོང་སྟངས་དང་མི་འདྲ་བར་རྐང་རྗེས་དང་གཟུགས་བརྙན་སྐོར་གཡེང་གི་འཐབ་ས་དང་པོར་འཇོག་རྒྱུའི་གདམ་ག་བྱས་པ་ཡིན”ཞེས་སྐོར་གཡེང་ལམ་བུར་མི་དམངས་ཉེན་རྟོག་པ་སུན་ཀུའེ་ཁྲོན་གྱིས་བརྗོད། 2 ཐམས་ཅད་མི་དམངས་མང་ཚོགས་ཀྱི་ཆེད་དུ་རེད། ན་ནིང་ཟླ་7པར་སློབ་གྲྭ་ཐོན་པའི་ངག་དབང་ཕུན་ཚོགས་ཀྱི་ངོས་ནས་བརྗོད་ན། ད་ཐེངས་ནི་ཁོ་པས་ཕུ་མ་བྱང་ཐང་ཤང་དུ་དཔྱིད་གསར་དུས་ཆེན་གཏོང་ཐེངས་ཐོག་མ་དེ་རེད། ཁོ་པས“སྔོན་ཆད་ནང་མི་དང་མཉམ་དུ་འཛོམས་ནས་དཔྱིད་གསར་དུས་ཆེན་གཏོང་གི་ཡོད། ད་རེས་ཕ་ཡུལ་དང་ཁ་བྲལ་ཏེ་ཡུལ་གཞན་དུ་དཔྱིད་གསར་དུས་ཆེན་གཏོང་ཐེངས་ཐོག་མ་དེ་ཡིན་ལ། དེའང‘མཐའ་མཚམས་སྐོར་གཡེང’གི་ལམ་དུ་བཏང་བ་ཡིན། སློབ་གྲྭར་སྐྱོད་སྐབས་དེ་དག་ནི་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་དང་། “དུས་ཆེན་གཏོང་སྟངས་འདི་ལྟ་བུས་ང་ཚོར་ཕྲག་ཏུ་འགན་འཁྲི་ལྕི་པོ་ཡོད་པའི་དྲན་སྐུལ་དུས་དང་རྣམ་པ་ཀུན་ཏུ་བྱེད་ཀྱི་འདུག”ཅེས་བརྗོད། སུའོ་ཀྲང་གཞོན་པ་ཡོན་ཧའོ་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་གྱི་ཉིན་དང་པོར་མཐའ་མཚམས་སྐོར་གཡེང་སྒྲིག་འཛུགས་བྱས་པ་འདིས། དུས་ཆེན་རིང་གི་མཐའ་མཚམས་ལམ་རྒྱུད་ཀྱི་བརྟན་ལྷིང་སྲུང་སྐྱོང་ཐུབ་པ་མ་ཟད། ཡུལ་སྐོར་བའི་མི་ལུས་བདེ་འཇགས་ལའང་སྲུང་སྐྱོང་ཐུབ་ཡོད། ཡོན་ཧའོ་ཅེས་མཛུབ་མོ་བཙུགས་ཏེ། “གང་དུ་ཡུལ་ལྗོངས་ཡག་པོ་ཡོད་ན་དེ་གར་ཉེན་ཁ་དེ་བས་ཆེ་བ་ཡོད་ཅེས་ཚང་མས་བརྗོད་ཀྱི་ཡོད། ཡུལ་སྐོར་བ་འགའ་ཤས་ཀྱིས‘བློ་ཡིད་ཚིམས་པའི་མིག་གི་ལོངས་སྤྱོད་ཅིག’འཐོབ་ཆེད། འཁྱག་རོམ་གྱི་གསེབ་ཏུ་སྐྱོད་ཀྱི་ཡོད། དོན་དུ་འདི་ནི་ཉེན་ཁ་ཧ་ཅང་ཆེ་བའི་བྱེད་སྟངས་ཤིག་རེད། དོ་སྣང་ཅུང་ཟད་མ་བྱས་ཚེ་འཁྱག་རོམ་གྱི་གསེབ་ཏུ་ལྷུང་སྲིད”ཅེས་བརྗོད་པ་དང་། ཁོང་གིས“སྐོར་གཡེང་སྐབས་སུའམ་ཡང་ན་འཁྱག་རོམ་གྱི་ལས་སྒྲུབ་ས་ཚིགས་སུ་སྐྱོད་སྐབས། ང་ཚོས་ཡུལ་སྐོར་བར་སློབ་གསོ་ཡག་པོ་བརྒྱབ་ནས་བདེ་འཇགས་ངང་ཡུལ་སྐོར་དུ་སྐྱོད་པ་དང་བདེ་འཇགས་ངང་མཛེས་ལྗོངས་ལ་ལྟ་དགོས་ལུཌ་བརྗོད་ཀྱི་ཡོད”ཅེས་བརྗོད། ཡུལ་སྐོར་བ་ཚང་མ་ལོག་ཚར་ན། ད་གཟོད་མི་དམངས་ཉེན་རྟོག་པ་ཚོའི་དཔྱིད་གསར་གྱི“སྐོར་གཡེང་ཐོག་མ”དེའང་མཇུག་འགྲིལ་བ་རེད། སྐབས་དེ་དུས་ཀྱི་ཉི་འོད་ཀྱང་ཁ་སྔོན་ལྟར་དྲོ་པོ་མེད་ལ། གྲང་རླུང་སྔར་བཞིན་འུར་འུར་དུ་ལྡང་ཞིང་མཆིས། ཁོང་ཚོས་སླར་ཡང་རླངས་འཁོར་དུ་ལོག་ནས་ལམ་རྒྱགས་སྟབས་བདེ་ཞིག་བཟས་ཏེ། སྐོར་གཡེང་བྱེད་སྐབས་ཟད་་པའི་ལུས་ཟུངས་གསོ་ཐབས་བྱེད་ཀྱི་ཡོད་པ་རེད། འདི་ནི་མི་དམངས་ཉེན་རྟོག་པ་སྐོར་གཡེང་ལ་སྐྱོད་བཞིན་པ།