《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཆབ་མདོ་ཁྲིམས་ཁང་གི་2019ལོའི་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་ ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། 2019ལོར། ཆབ་མདོ་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གིས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་པ་མཐའ་འཁྱོངས་ཀྱིས་བློ་རིག་ཁྲིམས་ཁང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འཛིན་འདྲི་གཅོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ། ལྟེ་བའི་མི་དམངས་ཁྲིམས་ཁང་ཡག་པོ་སྐྲུན་པ། གཏུག་བཤེར་ཞབས་ཞུའི་ལྟེ་གནས་འཛུགས་སྐྱོང་ལ་ཤུགས་སྣོན། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ཏན་ཏིག་བཅས་བྱས་ནས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད།

བློ་རིག་ཁྲིམས་ཁང་འཛུགས་སྐྱོང་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ། ཆབ་མདོ་ཁྲིམས་ཁང་གིས་མཁྲེགས་ཆས་འཛུགས་སྐྲུན་ལ་སྣང་ཆེན་བྱས་ཏེ་2019ལོར་མ་དངུལ་སྒོར་ཁྲི་2232བཏང་ནས། ཁང་པའི་རྒྱ་ཁྱོན་སྨི་ངོས་གྲུ་5900ཟིན་པའི་གཏུག་བཤེར་ཞབས་ཞུའི་ལྟེ་གནས་7བསྐྲུན་པ་དང་། མ་དངུལ་བསྡོམས་སྒོར་ཁྲི་98བཏང་ནས་གཅིག་སྡུད་ཚོད་འཛིན་དང་ལག་བསྟར་གྱི་བཀོད་འདོམས་ལྟེ་གནས་བསྐྲུན་པས། གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་ཧ་ཅང་ཆེ་རུ་ཕྱིན་པ་མ་ཟད། ལག་བསྟར་གྱོད་སྒྲུབ་ཀྱི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད། གཟའ་འཁོར་རེར་གྲོང་ཁྱེར་ཡོངས་ཀྱི་རིམ་གཉིས་ཁྲིམས་ཁང་གིས་གློག་རྡུལ་ཡིག་ཁུག་བཟོས་པའི་གནས་ཚུལ་བརྡ་ཁྱབ་བཏང་ནས། ཁྲིམས་ཁང་ཁག་དང་འདྲི་གཅོད་དིང་ཁག་གིས་གློག་རྡུལ་ཡིག་ཁུག་བཟོ་རྒྱུར་ལྕག་སྐུལ་ཧུར་ཐག་བྱས་ཏེ། གློག་རྡུལ་ཡིག་ཁུག་3638བཟོས་ཡོད། ཀྲུང་གོ་ཁྲིམས་གཅོད་ཡིག་ཆའི་དྲ་ཐོག་རྒྱ་ཡིག་གི་ཡིག་ཆ་780དང་། བོད་ཡིག་གི་ཡིག་ཆ་116 གྱོད་གཞིའི་ཆ་འཕྲིན་1299ཡོངས་བསྒྲགས་བྱས་པ་དང་། ཀྲུང་གོའི་ཁྲིམས་རའི་འདྲི་གཅོད་དྲ་ཚིགས་སུ་འདྲི་གཅོད་ཁྲིམས་ར་339ཡོངས་བསྒྲགས་བྱས་པ་རེད།

ཁྲིམས་འཛིན་འདྲི་གཅོད་ཀྱི་ཕན་འབྲས་རིམ་བཞིན་མཐོ་རུ་ཕྱིན་པ། ཁྲིམས་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ཆབ་མདོ་གྲོང་ཁྱེར་ཡོངས་ཀྱི་རིམ་གཉིས་ཁྲིམས་ཁང་གིས་གྱོད་གཞིའི་གྲངས་འབོར་ཤུགས་ཆེན་འཕར་བའི་གནས་ཚུལ་འོག ཉེ་བའི་ལོ་གསུམ་རིང་ཕྱོགས་བསྡུས་གྱོད་ཐག་གཅོད་ཚད་90%ཡན་ཟིན་པ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་ཐུབ་ནས། ལོ་གསུམ་བསྟུད་མར་ལྗོངས་ཡོངས་ཀྱི་འབྲིང་རིམ་ཁྲིམས་ཁང་གི་ལས་སྒོའི་དམིགས་ཚད་དཔྱད་ཞིབ་ཀྱི་ཨང་དང་པོར་སླེབས་ཡོད། སྒྲིག་ཁོངས་ཁྲིམས་དཔོན་གྱིས་མི་རེས་ཆ་སྙོམས་གྱོད་ཐག་གཅོད་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་ནས། 2019ལོར་མི་རེས་ཆ་སྙོམས་གྱོད་ཐག་གཅོད་ཚད་གྱོད་གཞི་18.5ཟིན་པ་དེ་དུས་མཚུངས་ལས་8.69%འཕར་ཡོད།

ལྟེ་གནས་ཁྲིམས་རའི་ནུས་པ་རྒྱུན་མཐུད་བཏོན་པ། 2018ལོར་མཉམ་འབྲེལ་ཐོག《ཁྲིམས་འཛིན་ལས་རོགས་དང་དམངས་སྲིད་ལས་རོགས་མི་དམངས་ཁྲིམས་ཁང་དུ་བསྡད་ནས་མཉམ་དུ་གཞུང་དོན་སྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་རྗེས། 2019ལོར་ཆབ་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སླར་ཡང་མཉམ་འབྲེལ་ཐོག《ཤང་གྲོང་གི་སྤྱི་བདེ་མི་དམངས་ཉེན་རྟོག་པས་མཉམ་འབྲེལ་གྱོད་སྒྲུབ་དང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་མཁན་མི་དམངས་ཁྲིམས་ཁང་དུ་བསྡད་ནས་མཉམ་དུ་གཞུང་དོན་སྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། 2019ལོར་ཆབ་མདོ་ཁྲིམས་ཁང་གིས་མི་ཐེངས་1300སྡོད་རེས་བྱས་ཏེ་གྱོད་གཞི་91བདག་སྤྲོད་བྱས་ནས་གྱོད་གཞི་84གྱོད་ཐག་བཅད་པ་དང་། དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་120སྤེལ་ནས་དཔྱད་གཞིའི་ཡིག་ཆ་ཁྲི་1.9སྤྲད་པ་དང་མང་ཚོགས་མི་ཐེངས་ཁྲི་1.7ལ་སློབ་གསོ་ཐེབས་ཡོད། གཉེན་སྒྲིག་ཁྱིམ་ཚང་དང་དམངས་ཁྲོད་བུན་གཡར་སོགས་ཀྱི་འགལ་ཟླ་དང་རྩོད་གཞི་ཁག་80ཙམ་འདུམ་འགྲིག་བྱས་པ་དང་། མི་ཐེངས་160ལ་བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།

གཏུག་བཤེར་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་བ། ཆབ་མདོ་ཁྲིམས་ཁང་གིས་ཁོངས་གཏོགས་ཁུལ་དུ་བཅའ་ཁྲིམས་སམ་གཏུག་བཤེར་དང་འབྲེལ་བ་ཡོད་པའི་ཡིག་བསྐུར་ངོ་བཅར་གྱི་འགལ་ཟླ་དང་རྩོད་གཞིར་ལེབ་བཤེར་བྱས་ཤིང་། རྩོད་གཞི་སྣ་ཚོགས་དང་མངོན་མེད་རྐྱེན་ངན་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་པ་དང་སྦྲགས། རིགས་དབྱེ་ཁ་གསལ་དང་། རྒྱུ་རྐྱེན་ཚང་བ། ནང་དོན་ཚད་ལྡན། གྲངས་གཞི་ལུགས་མཐུན་བཅས་ཀྱི་བླང་བྱ་གཞིར་བཟུང་རེ་རེ་བཞིན་ཐོ་བཀོད་པ་དང་རྩིས་ཐོ་བཟོས་པ་རེད། ལས་དོན་ཉིན་མོ་ཕུད་པའི“12368”གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྦྲེལ་མཐུད་བྱས་ནས། ངོ་བཅར་བྱེད་མཁན་ཡོད་ན་ངེས་པར་དུ་དང་ལེན་དང་གྱོད་གཞི་ཡོད་ན་ཐོ་འགོད་བྱས་ནས་ལས་རེས་རྩིས་སྤྲོད་ལས་དོན་དང་། ཐོག་མའི་འགན་འཁྲི་བདའ་འདེད་ལམ་ལུགས། ཞབས་ཞུའི་ཁས་ལེན་ལམ་ལུགས། ཡོན་ཀྲང་གིས་སྣེ་ལེན་ཉིན་མོ་སོགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། “འཛུལ་བདེ་བ་དང་། སྣེ་ལེན་ཡག་པོ་ཞུ་བ། ལས་དོན་ཡག་པོ་སྒྲུབ་པ”བཅས་གྱོད་སྒྲུབ་སྐར་ཁུང་ལས་དོན་གྱི་སྒུལ་རྣམ་གསར་པ་ཆགས་པར་བྱས་ཡོད། 2019ལོར། ཡིག་བསྐུར་ངོ་བཅར་བྱེད་མཁན་མང་ཚོགས་མི་ཐེངས་1920ལ་སྣེ་ལེན་ཞུས་པ་དང་། མི་ཐེངས་1370གྱི་བཅའ་ཁྲིམས་བློ་འདྲིར་སྣེ་ལེན་ཞུས་པ། ཐོགས་མེད་བགྲོད་ལམ་བཏོད་ནས་གྱོད་གཞི་640ཐག་གཅོད་བྱས་པ། གཅིག་འཐུས་རྣམ་པའི་ཞབས་འདེགས་220ཞུས་པ། གལ་ཟླ་དང་རྩོད་གཞིར་གྲལ་བཤེར་ཐེངས་60ལྷག་ཙམ་བྱས་པ་རེད།

(རིག་རྡོར་དང་ཚེ་ཁོས་སྒྱུར་ཞུས་བྱས )