《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

ཉེས་ཅན་ས་མཐར་བྲོས་ན་ཡང་། ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད།

—— ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི“རལ་གྲི་འཕྱར་བའི”བྱ་སྤྱོད་ལ་གྲུབ་འབྲས་མང་པོ་ཐོབ་པ།

ནང་དོན་གཙོ་བོ།

བྲོས་བྱོལ་དུ་ལོ་26སོང་བའི་ཉེས་ཅན་པ་བཟུང་བ་དང་། དྲ་ཐོག་བྲོས་བྱོལ་གྱི་ཉེས་གསོག་དོགས་ཅན་ལ་ནག་ཉེས་ངོས་ལེན་ཞུ་རྒྱུར་ཁ་ཏ་བསླབ་བྱ་བྱས་པ་སོགས་བྲོས་བྱོལ་པ་རྗེས་འདེད་གཏོང་བའི“རལ་གྲི་འཕྱར་བའི”ཆེད་དོན་བྱ་སྤྱོད་སྤེལ་ཚུན། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས“དཔྱིད་གསར་དུས་ཆེན”གྱི་གོ་སྐབས་དམ་འཛིན་བྱས་ཏེ། བྲོས་བྱོལ་པ་རྗེས་འདེད་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་ཡོད།

རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་བ།

“རལ་གྲི་འཕྱར་བའི”ཆེད་དོན་བྱ་སྤྱོད་ཀྱི་དུས་མཚམས་གཉིས་པའི་ལས་དོན་བཀོད་སྒྲིག་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་དང་། བྲོས་བྱོལ་རྗེས་འདེད་ཇུས་གཞིར་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ་བྲོས་བྱོལ་རྗེས་འདེད་ཀྱི་བཀོད་སྒྲིག་བྱ་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཐུབ་པར་འགན་ལེན་བྱས་པ་རེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་ཉེས་དོན་མྱུལ་ཞིབ་སྡེ་ཚན་གཙོ་ཤུགས་དམག་ཏུ་བྱས་ནས་འགན་འཁྲི་སྔར་བས་ཞིབ་ཚཌ་སུ་བཏང་བ་དང་། བྱ་ཐབས་ནུས་ལྡན་སྤྱད་པ། རྡུང་རྡེག་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། བྲོས་བྱོལ་མི་སྣར་རྗེས་འདེད་དང་ཁ་ཏ་བསླབ་བྱ་གཏོང་རྒྱུ་གཉིས་རྒྱུན་འཁྱོངས་དང་བྲོས་བྱོལ་མི་སྣ་གབ་ས་མེད་པ་བཟོས་ནས། “རལ་གྲི་འཕྱར་བའི”ཆེད་དོན་བྱ་སྤྱོད་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

བྲོས་བྱོལ་དུ་ལོ་26སོང་བའི་ཉེས་གསོག་དོགས་ཅན་བཟུང་བ།

ཟླ་1ཚེས་17ཉིན་གྱི་ཆུ་ཚོད་20པར། བྲག་ཡིབ་ཆུས་སྤྱི་བདེ་ཅུས་སློབ་གླིང་ལམ་མངགས་གཏོང་ཁང་གིས་བླང་བྱ་གཞིར་བཟུང་། ཁོངས་གཏོཌ་ཁུལ་དུ“ཅན་གསུམ”དོ་དམ་གྱི་རྒྱུན་གཏན་སྐོར་ཞིབ་ལས་དོན་སྤེལ་རིང་། བྲག་ཡིབ་ཆུས་ཀྲང་སྨད་གྲོང་ཚོའི་བོགས་གཏོང་ཁང་པ་ནས་མི་ཞིག་གི་ཐོབ་ཐང་ལག་ཁྱེར་དང་མི་ངོ་མ་གཅིག་པ་མིན་པས་འཕྲལ་མར་བདེན་མིན་ཞིབ་བཤེར་བྱས། འདྲི་རྩད་བྱེད་རིང་། སྐྱེས་པ་དེ་དངངས་སྐྲག་ཆེན་པོ་བྱེད་པ་དང་སྐད་ཆ་ཚང་མ་འགལ་ཟླར་སོང་ཞིང་། སྐྱེས་པ་དེས་མི་གཞན་གྱི་ཐོབ་ཐང་ཆ་འཕྲིན་སྤྱད་པ་ཤེས་རྗེས་མངགས་གཏོང་ཁང་གིས་ལམ་སེང་ཁོ་པ་ཉེས་དོན་མྱུལ་ཞིབ་རུ་ཆེན་དུ་མུ་མཐུད་བརྟག་དཔྱད་བྱ་རྒྱུར་རྩིས་སྤྲད་པ་རེད།

རྩད་གཅོད་མཐའ་གསལ་བྱས་རྗེས། ཁོ་པའི་མིང་ངོ་མར་ཀྲའོ་ཆེ་གེ་མོ་ཟེར་བ་དང་། མཚོ་སྔོན་ཞིང་ཆེན་ནས་ཡིན་པ་རེད། 1991ལོར་རྐུ་རྒྱག་གི་ནག་ཉེས་བསགས་པས་མཚོ་སྔོན་ཞིང་ཆེན་མདའ་བཞི་རྫོང་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ་7བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་། དེའི་རྗེས་བྲོས་བྱོལ་གྱི་ནག་ཉེས་བསགས་པས་མཚོ་སྔོན་ཞིང་ཆེན་བཙོན་ཁང་ཅུས་ཀྱིས་དྲ་ཐོག་གི་བྲོས་བྱོལ་རྗེས་འདེད་མི་སྣའི་ཁོངས་སུ་བཅུག་པ་རེད།

འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཀྲའོ་ཆེ་གེ་མོས་1994ལོའི་ཟླ་6ཚེས་29ཉིན་མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་གི་བཙོན་ཁང་ནས་བྲོས་རྗེས་བོད་ལྗོངས་ནག་ཆུར་གབ་ནས་བསྡད་པ་དང་། 2012ལོར་ཉིང་ཁྲིར་ཡོང་བ་ངོས་ལེན་ཞུས་པ་རེད། དེའི་རིང་ཉེས་གསོག་དོགས་ཅན་ཀྲའོ་ཆེ་གེ་མོས་རང་ཉིད་ཀྱི་གཅེན་པོའི་ཐོབ་ཐང་ལག་ཁྱེར་སྤྱད་དེ་སྤྱི་བདེ་ལས་ཁུངས་ཀྱི་བརྟག་དཔྱད་ལ་གཡོལ་གྱི་ཡོད། རྗེས་སུ་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་བཟུང་བ་རེད།

མིག་སྔར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་བཙོན་ཁང་ཅུས་དང་འབྲེལ་བ་བྱས་ཏེ་རྩིས་སྤྲོད་ལས་དོན་སྤེལ་བཞིན་པའི་སྒང་ཡིན།

དྲ་ཐོག་ནས་རྗེས་འདེད་བཏང་བའི་ཉེས་གསོག་དོགས་ཅན་རང་ཉེས་ངོས་ལེན་ཞུ་བར་སླེབས་པ།

2017ལོའི་ཟླ་4ཚེས་7ཉིན་གྱི་ཐོ་རེངས་ཆུ་ཚོད་3དང་སྐར་མ་20ལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བརྒྱད་གཅིག་གྲོང་རྡལ་ཀོང་པོའི་བག་ཆགས“རྣམ་རྒྱལ་ཇ་ཁང”ལ་རྐུ་རྒྱག་གྱོད་གཞི་ཐོན་ནས་སྒོར་7000ལྷག་ཙམ་རི་བའི་ཐ་མག་སྣ་ཚོགས་རྐུ་ཤོར་ཡོད། མྱུལ་ཞིབ་བྱེད་རིང་། མི་དམངས་ཉེན་རྟོག་པས་བློ་ཆེ་གེ་མོར་ཉེས་གསོག་གི་དོགས་གཞི་ཆེན་པོ་ཡོད་པའི་ངོས་འཛིན་བྱས་ཤིང་། སྐབས་དེར་བློ་ཆེ་གེ་མོ་བྲོས་བྱོལ་དུ་སོང་ཡོད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་རུ་ཆེན་གྱིས་2017ལོའི་ཟླ་4ཚེས་10ཉིན་བློ་ཆེ་གེ་མོ་དྲ་ཐོག་རྗེས་འདེད་བྲོས་བྱོལ་མི་སྣའི་ཁུངས་སུ་བཅུག་ནས་རྗེས་འདེད་ལས་དོན་སྤེལ་འགོ་ཚུགས།

གྱོད་གཞི་ཐོན་པ་ནས་ད་བར། མྱུལ་ཞིབ་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་བློ་ཆེ་གེ་མོ་འཛིན་བཟུང་གི་ལས་དོན་ལ་ལྷོད་གཡེང་གཏན་ནས་བཏང་མེད། “རལ་གྲི་འཕྱར་བའི”ཆེད་དོན་བྱ་སྤྱོད་སྤེལ་རིང་། གྱོད་གཞི་དེ་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱི་གཙོ་གནད་བྲོས་དེད་བྱ་ཡུལ་གྱི་ལས་འགན་ལ་བརྩིས་པ་རེད།

མྱུལ་ཞིབ་མི་དམངས་ཉེན་རྟོག་པས་གནོན་ཤུགས་དེ་འགན་འཁྲི་དང་སྒུལ་ཤུགས་སུ་བརྩིས་ནས་ལས་དོན་རང་འགུལ་ངང་བསྒྲུབས་པ་དང་། སྣང་རྫོང་སྤྱི་བདེ་ཅུས་ཀྱི་གཞོཌ་འདེཌ་ཤུཌ་ཆེན་འོག མྱུལ་ཞིབ་མི་དམངས་ཉེན་རྟོག་པས་རང་འགུལ་ངང་ཐེམ་ཐོ་གནས་སའི་ཁྱིམ་དུ་ཡོང་ནས་དེའི་གཉེན་ཉེར་ཁ་ཏ་བསླབ་བྱ་བྱས་ནས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲཌ་བྱས་ཏེ། ཁོང་ཚོར་རང་ཉེས་ངོས་ལེན་ཞུ་རྒྱུ་ནི་ཐབས་ལམ་གཅིག་པུ་དེ་ཡིན་པ་ཤེས་སུ་བཅུག་པ་རེད།

མི་དམངས་ཉེན་རྟོག་པའི་འབད་བརྩོན་དང་གཉེན་ཉེའི་ཁ་ཏ་བསླབ་བྱའི་འོག ཉེས་གསོག་དོགས་ཅན་བློ་ཆེ་གེ་མོས་ཟླ་1ཚེས་27ཉིན་ནང་མིའི་རོགས་རམ་འོག བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་དུ་རང་ཉེས་ངོས་ལེན་ཞུ་བར་ཕྱིན།

འདྲི་ཞིབ་བྱས་པ་བརྒྱུད། བློ་ཆེ་གེ་མོས་2017ལོའི་ཟླ་4ཚེས་7ཉིན་གྱི་ཆུ་ཚོད་3དང་སྐར་མ་20ལ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བརྒྱད་གཅིག་གྲོང་རྡལ་ཀོང་པོའི་བག་ཆགས“རྣམ་རྒྱལ་ཇ་ཁང”དུ་རྐུ་མ་བརྐུས་པའི་དོན་དངོས་ངོས་ལེན་ཞུས་ཡོད།

མིག་སྔར་གྱོད་གཞི་དེ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།