《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

སྐད་ཆ་ཚིག་གཅིག་མ་མཐུན་པར་གཞན་ལ་ཉེས་རྡུང་བཏང་བས་ཁྲིམས་ཆད་ཕོག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2020ལོའི་ཟླ་1ཚེས་9ཉིན་གྱི་ཆུ་ཚོད་19ཙམ་ལ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་རྗེ་འབུམ་སྒང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་གྲོང་མིའི་ཉེན་བརྡ་འབྱོར་ནས། ཁོང་ལ་སྲང་ལམ་ཞིག་ནང་གཞན་གྱིས་ཉེས་རྡུང་བཏང་བ་མ་ཟད། ཉེས་རྡུང་གཏོང་མཁན་གྱིས་བྱེས་བགྲོད་རླངས་འཁོར་ཐལ་མདོག་ཅིག་བཏང་ནས་བྲོས་སོང་ཞེས་བརྗོད། ཉེན་བརྡ་འབྱོར་རྗེས་མངགས་གཏོང་ཁང་དེའི་རུ་འབྲིང་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱས་ཡོད། བརྟག་དཔྱད་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་དོགས་ཡོད་རླངས་འཁོར་12གྲལ་བཤེར་བྱས་པ་དང་དེའི་ཁྲོད་ནས་ཉེས་གསོག་དོགས་ཅན་གཅིག་བཟུང་བ་རེད།

བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་དེས་གཞན་ལ་ཉེས་རྡུང་བཏང་བའི་དོན་དངོས་ཁས་བླངས། དོན་དངོས་ཐོག་དེ་ཉིན་སྲང་ལམ་དེའི་ནང་ཉེན་བརྡ་གཏོང་མཁན་གྱིས་གློག་སྒུལ་སྦག་སྦག་བཏང་ནས་བྱེས་བགྲོད་རླངས་འཁོར་གྱི་རྒྱབ་ཕྱོགས་སུ་ཡོང་བ་དང་། བྱེས་བགྲོད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བས་རླངས་འཁོར་ཕྱིར་བཤིག་རྒྱག་སྐབས། གློག་སྒུལ་སྦག་སྦག་གཏོང་མཁན་གྱིས་དུས་ཐོག་ཏུ་ཕྱིར་བཤིག་མ་བརྒྱབ་པའི་དབང་གིས་ཁ་ལོ་བ་ཁོང་ཁྲོ་ལངས་ནས་རླངས་འཁོར་ནས་བབས་ཏེ་ཕར་ཕྱོགས་ལ་ཉེས་རྡུང་བཏང་བ་རེད།

མིག་སྔར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གསུམ་པའི་གཏན་འབེབས་གཞིར་བཟུང་། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་བཞིན་བྱེས་བགྲོད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བར་སྲིད་འཛིན་བཀག་ཉར་ཉིན་བརྒྱད་བྱས་པ་དང་འབྲེལ། དངུལ་ཆད་སྒོར་ཉིས་བརྒྱ་བཏང་ཡོད། ཉེན་རྟོག་ཕྱོགས་ཀྱིས་གནད་དོན་འཕྲད་སྐབས་སེམས་རྣལ་དུ་ཕབ་དགོས་པ་ལས། མི་གཞན་ལ་ཉེས་རྡུང་བཏང་ཚེ་བཅའ་ཁྲིམས་ཀྱི་ཆད་པ་ཕོག་ནས་རང་དབང་ཤོར་བ་མ་ཟད། འགྱོད་གདུང་གིས་མནར་བ་དང་ཁྱིམ་མིར་སེམས་ཁྲལ་ཆེན་པོ་བཟོ་སྲིད་པའི་དྲན་སྐུལ་བྱས་ཡོད།