《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

བོད་ཀྱི་དྲ་དམངས་ཤིག་གིས།

རིམས་ནད་སྐོར་གྱི་དཀྲོག་གཏམ་སྤེལ་བས་ཁྲིམས་ལྟར་ སྲིད་འཛིན་བཀག་ཉར་ཉིན་8བྱས་པ།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་1ཚེས་29ཉིན་ལྗོངས་ནང་ཁུལ་གྱི་དྲ་དམངས་ཀྲོའུ་ཆེ་གེ་མོས་APPཞིག་གི་ཐོག“མངའ་རིས་སུ་ནད་དཔེ་གཅིག་ཡོད་པ”དང“ད་ཆ་མངའ་རིས་ལའང་བདེ་འཇགས་མིན་འདུག”སོགས་རིམས་ནད་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་སྤེལ་བས་ཤུགས་རྐྱེན་ངན་པ་བཟོས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ནས་ཁྲིམས་ལྟར་ཀྲོའུ་ཆེ་གེ་མོ་སྲིད་འཛིན་བཀག་ཉར་ཉིན་8བྱས་པ་རེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། 2020ལོའི་ཟླ་2ཚེས་3ཉིན་གྱི་ཆུ་ཚོད་24བར། བོད་རང་སྐྱོང་ལྗོངས་སུ་ཏོག་གསར་གློ་ཚད་གཏན་འཁེལ་བྱུང་བའི་ནད་དཔེ་1ཡོད་པ་དང་། མིག་སྔར་ནད་པ་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་སྨན་བཅོས་བྱེད་བཞིན་ཡོད།

ཉེན་རྟོག་པས་དྲན་སྐུལ་བྱས་དོན། དཀྲོག་གཏམ་ལ་རིགས་མང་པོ་ཡོད། ཁག་གཅིག་ནི་གནོད་འཚེ་ཚབས་ཆེན་པོ་མེད་པའི་ཆ་འཕྲིན་རྫུས་མ་ཡིན་པ་དང་། ཁག་གཅིག་ཧ་ཅང་ཚབས་ཆེ་ཞིང་རིམས་ནད་སྐྱོབ་བཅོས་ལ་འཐུས་ཤོར་གཏོང་སྲིད་པའམ་ཡང་ན་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་སྲིད། མི་དཀྱུས་མས་བདེན་རྫུན་ཞིབ་དཔྱད་མི་ཐུབ་ན། གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ཐོག་སྤེལ་བའི་ཆ་འཕྲིན་མ་གཏོགས་གཞན་ལ་དོ་སྣང་བྱེད་རྒྱུ་མེད། གཞུང་ཕྱོགས་མིན་པའི་འབྲེལ་ཡོད་རིམས་ནད་ཀྱི་གནས་ཚུལ་ལ་གལ་སྲིད་བདེན་མིན་ཞིབ་དཔྱད་མི་ཐུབ་ན། ཡག་ཤོས་བྱུང་ན་ཁྱེད་ཀྱིས་བརྒྱུད་བསྐུར་བྱེད་མི་རུང་། རིམས་ནད་ལ་འགོག་རྒོལ་བྱེད་རིང་དཀྲོག་གཏམ་བཟོས་ན་ཆད་པ་ནན་པོ་ཕོག་ངེས་རེད། 《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པའི་ནང་གཏན་འབེབས་བྱས་དོན། གཏན་འབེབས་འདིའི་དོན་ཚན་ལས་འགལ་ནས། ཐོལ་བྱུང་དོན་རྐྱེན་གྱི་གནས་ཚུལ་འཕེལ་རྒྱས་སམ་ཡང་ན་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྫུན་བཟོ་དང་སྤེལ་རིགས་དང་། ཡང་ན་ཐོལ་བྱུང་དོན་རྐྱེན་གྱི་གནས་ཚུལ་འཕེལ་རྒྱས་དང་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་རྫུས་མ་ཡིན་པ་ཤེས་བཞིན་དུ་སྤེལ་རིགས་ལ། ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་ནས་ཐ་ཚིག་སྒྲོག་དགོས། གནས་ཚུལ་ཚབས་ལྕི་པོ་བཟོས་རིགས་ལ། ཁྲིམས་ལྟར་དེའི་ལས་སྒོའམ་ཡང་ན་དེའི་ལས་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་དུ་གཏོང་དགོས། ཐད་ཀར་འགན་འཁྲི་ཡོད་མཁན་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཡིན་ཕྱིན་དེར་ཁྲིམས་ལྟར་ཆད་པ་གཅོད་དགོས། བདེ་འཇགས་དོ་དམ་གྱི་བྱེད་སྤྱོད་ལས་འགལ་བའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས།