《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年02月11日

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་ལུགས་ཤེས་བྱའི་དྲི་བ་དྲིས་ལན། (གནད་བསྡུས)

རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་།

གང་འདྲ་ཞིག་ལ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཟེར་རམ།

《ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག》གི་དོན་ཚན་གཉིས་པའི་ནང་གཏན་འབེབས་བྱས་དོན། “སྲོལ་ཡིག་འདིའི་ནང་འཁོད་པའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན(གཤམ་དུ་ཐོལ་བྱུང་དོན་རྐྱེན་ཞེས་བསྡུ་རྒྱུ)ནི་གློ་བུར་དུ་ཐོན་པའི་སྤྱི་ཚོགས་སྤྱི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་པའམ་བཟོ་སྲིད་པའི་རིམས་ནད་ཚབས་ཆེན་དང་། ཚོགས་སྤྱིའི་རང་བཞིན་གྱི་རྒྱུ་རྐྱེན་གསལ་པོ་མེད་པའི་ནད་ཡམས། བཟའ་བཅའ་དང་ལས་རིགས་ཀྱི་དུག་ཚབས་ཆེན་ཕོག་པ་བཅས་དང་། དེ་བཞིན་དེ་མིན་གྱི་སྤྱི་དམངས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་དོན་རྐྱེན་ལ་ཟེར”

ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་ཚན་པ་དང་མི་སྒེར་ལ་འོས་འགན་གང་དག་ཡོད་དམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་བྱས་དོན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཆའི་ཐོག་གི་ཚན་པ་དང་མི་སྒེར་ཚང་མས་ངེས་པར་དུ་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞི་དང་སྨན་བཅོས་སྒྲིག་གཞིའི་འབྲེལ་ཡོད་འགོས་ནད་ཀྱི་ཞིབ་བཤེར་དང་། དཔྱད་བཤེར། མ་དཔེ་བསྡུ་བ། ལོགས་སུ་བཞག་ནས་སྨན་བཅོས་སོགས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དང་ལེན་གྱིས་འབྲེལ་ཡོད་གནས་ཚུལ་དྲང་པོ་དྲང་གཞག་ཤོད་དགོས”

དོན་ཚན་སོ་གཅིག་པའི་ནང་གཏན་འབེབས་བྱས་དོན། “ཚན་པ་དང་མི་སྒེར་སུས་ཀྱང་འགོས་ནད་ནད་པ་དང་དོགས་པ་ཡོད་པའི་འགོས་ནད་ནད་པ་ཡོད་པ་ཤེས་འཕྲལ་དུས་ཐོག་ཏུ་ཉེ་འཁོར་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའམ་སྨན་བཅོས་སྒྲིག་གཞིར་སྙན་སེང་ཞུ་དགོས”

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་ང་བཞི་པའི་ནང་གཏན་འབེབས་བྱས་དོན། “ཚན་པ་དང་མི་སྒེར་སུས་ཀྱང་འབྲེལ་ཡོད་ཐོལ་བྱུང་དོན་རྐྱེན་གྱི་འཕེལ་རིམ་མམ་འཕྲལ་སྡོམ་ཐག་གཅོད་ལས་དོན་གྱི་ཆ་འཕྲིན་རྫུས་མ་རྩོམ་བཟོ་དང་བརྒྱུད་སྤེལ་བྱེད་མི་ཆོག”

དོན་ཚན་ང་དྲུག་པའི་ནང་གཏན་འབེབས་བྱས་དོན། “རང་བྱུང་གནོད་འཚེའི་གོད་ཆག་བྱུང་བའམ་ལས་འཛོལ་གྱི་གནོད་འཚེ་ཐོན་པ་དང་། སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲད་པའི་ཚན་པས་འཕྲལ་དུ་རང་ཚན་པའི་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་དང་ལས་དོན་པ་སྒྲིག་འཛུགས་བྱས་ནས། གནོད་འཚེ་ཕོག་མཁན་སྐྱོབ་པ་དང་། ཉེན་ཁ་འཕྲད་པའི་མི་སྣ་ཁ་འགྲེམས་པ་དང་། ཕྱིར་འཐེན། བཀོད་སྒྲིག་བཅས་བྱེད་པ། ཉེན་ཁའི་འབྱུང་རྩ་ཚོད་འཛིན་བྱེད་པ། ཉེན་ཁའི་ས་ཁོངས་གསལ་པོ་འཁོད་པ། ཉེན་ཁ་ཡོད་ཁུལ་སྒོ་བསྡམས་པ་བཅས་བྱེད་པ་དང་སྦྲགས། དེ་མིན་གྱི་ཉེན་ཁ་ཁྱབ་རྒྱུ་འགོག་པའི་དགོས་ངེས་ཀྱི་བྱ་ཐབས་སྤྱོད་པ་དང་ཆབས་ཅིག གནས་ས་ཁུལ་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས”

“ཐོལ་བྱུང་དོན་རྐྱེན་ཐོན་སའི་ཁུལ་གྱི་དེ་མིན་གྱི་ཚན་པས་མི་དམངས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་དང་ལེན་གྱིས་མི་དམངས་སྲིད་གཞུང་གིས་སྤྱད་པའི་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ལ་གཞོགས་འདེགས་བྱས་ཏེ། རང་ཚན་པའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ་དང་སྦྲགས། མི་སྣ་སྒྲིག་འཛུགས་ཧུར་ཐག་གིས་གནས་ས་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་དང་ཐག་གཅོད་ལས་དོན་ནང་ཞུགས་དགོས”

དོན་ཚན་ང་བདུན་པའི་ནང་གཏན་འབེབས་བྱས་དོན། “ཐོལ་བྱུང་དོན་རྐྱེན་ཐོན་སའི་སྤྱི་དམངས་ཀྱིས་མི་དམངས་སྲིད་གཞུང་དང་། གྲོང་མི་ཨུ་ཡོན་ལྷན་ཁང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་ངམ་ཁོངས་གཏོགས་ཚན་པའི་བཀོད་འདོམས་དང་བཀོད་སྒྲིག་དང་ལེན་གྱིས་མི་དམངས་སྲིད་གཞུང་གིས་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་སྤྱོད་པར་གཞོགས་འདེགས་ཀྱིས་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ལ་ཧུར་ཐག་ཞུགས་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་ལ་རམ་འདེགས་བྱེད་དགོས”

ལོགས་སུ་བཞག་ནས་སྨན་བཅོས་བྱ་རྒྱུ་ཁས་མི་ལེན་པའམ་རང་དགར་ཁ་བྲལ་མཁན་ནད་པ་དང་དོགས་པ་ཡོད་པའི་ནད་པར་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་དོན། “ལོགས་སུ་བཞག་ནས་སྨན་བཅོས་བྱ་རྒྱུ་ཁས་མ་ལེན་པའམ་ལོགས་སུ་འཇོག་པའི་དུས་ཚད་མ་ཐིམས་གོང་དུ་རང་དགར་ཁ་བྲལ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་སྒྲིག་གཞིར་གཞོགས་འདེགས་བྱས་ཏེ་བཙན་ཤེད་ཀྱིས་ལོགས་སུ་བཞག་ནས་སྨན་བཅོས་བྱེད་པའི་བྱ་ཐབས་སྤྱོད་ཆོག”

ཏོག་གསར་གློ་ཚད་ནད་དཔེ་ཤེས་རྟོགས་བྱུང་ཚེ། ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་བྱ་ཐབས་གང་དག་སྤྱོད་དགོས་སམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་བཞི་བཅུ་པའི་ནང་། “ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་རིམས་ནད་ཤེས་རྟོགས་བྱུང་བའམ་རིམས་ནད་ཀྱི་སྙན་ཞུ་འབྱོར་ཚེ། དུས་ཐོག་ཏུ་གཤམ་གྱི་བྱ་ཐབས་ཁག་སྤྱོད་དགོས་པའི་གཏན་འབེབས་བྱས་པ་སྟེ།

(གཅིག) རིམས་ནད་ལ་ནད་ཡམས་རིག་པའི་བརྟག་དཔྱད་བྱས་ཏེ། བརྟག་དཔྱད་བྱས་ཚུལ་ལ་གཞིགས་ནས། རིམས་ནད་ཐོན་ས་དང་ཐོན་ཁུལ་དབྱེ་བ་འབྱེད་པའི་གྲོས་འགོ་འདོན་པ་དང་། སྦགས་བཙོག་བཟོས་པའི་ས་ཆར་འཕྲོད་བསྟེན་གྱི་ཐག་གཅོད་བྱེད་པ། འབྲེལ་འདྲིས་ཟབ་མོ་བྱེད་མཁན་ལ་གནས་གཏན་འཁེལ་ཁུལ་དུ་གསོ་རིག་ལྟ་ཞིབ་བྱེད་པ་དང་། དེ་མིན་དགོས་ངེས་ཀྱི་སྔོན་འགོག་བྱ་ཐབས་སྤྱོད་པ་དང་སྦྲགས། འཕྲོད་བསྟེན་སྲིད་འཛིན་ཚན་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་འདོན་དགོས་པ།

(གཉིས) འགོས་ནད་ཤུགས་ཆེན་ཐོན་པ་དང་ཁྱབ་པའི་སྐབས་སུ་རིམས་ནད་ཐོན་ས་དང་ཐོན་ཁུལ་ལ་འཕྲོད་བསྟེན་གྱི་ཐག་གཅོད་བྱེད་པ་དང་། འཕྲོད་བསྟེན་སྲིད་འཛིན་ཚན་པར་རིམས་ནད་ཚོད་འཛིན་ཇུས་གཞི་བཏོན་པ་དང་སྦྲགས། འཕྲོད་བསྟེན་སྲིད་འཛིན་ཚན་པའི་བླང་བྱ་ལྟར་བྱ་ཐབས་སྤྱོད་དགོས་པ།

(གསུམ) རིམ་པ་འོག་མའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་སྤྱོད་པར་ཁྲིད་སྟོན་བྱེད་པ་དང་། འབྲེལ་ཡོད་ཚན་པས་རིམས་ནད་ཐག་གཅོད་བྱེད་པར་སྒྲིག་འཛུགས་དང་ཁྲིད་སྟོན་བྱེད་དགོས་པ”

ཏོག་གསར་གློ་ཚད་ནད་དཔེ་ཐོན་ཟིན་པའི་འབྲེལ་ཡོད་ཁུལ་ནང་གི་མི་སྣར་བྱ་ཐབས་གང་དག་སྤྱོད་ཆོག་གམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཅིག་པའི་ནང་གཏན་འབེབས་བྱས་དོན། “རིགས་ཀ་པའི་འགོས་ནད་ནད་དཔེ་ཐོན་ཟིན་པའི་ཁུལ་ལམ་ཁུལ་དེའི་ནང་གི་དམིགས་བསལ་ས་ཁོངས་ཀྱི་མི་སྣར་གནས་ས་ཁུལ་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལོགས་སུ་འཇོག་པའི་བྱ་ཐབས་སྤྱོད་ཆོག་པ་དང་ཆབས་ཅིག རིམ་པ་གོང་མའི་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས། སྙན་ཞུ་འབྱོར་བའི་གོང་རིམ་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་ཆོག་མཆན་སྤྲོད་དགོས་མིན་གྱི་ཐག་གཅོད་དགོས། གོང་རིམ་མི་དམངས་སྲིད་གཞུང་ནས་ཆོག་མཆན་མི་སྤྲོད་རྒྱུའི་ཐག་གཅོད་བྱས་རིགས། ལོགས་སུ་འཇོག་པའི་བྱ་ཐབས་སྤྱོད་མཁན་མི་དམངས་སྲིད་གཞུང་གིས་འཕྲལ་དུ་ལོགས་སུ་འཇོག་པའི་བྱ་ཐབས་མེད་པར་བཟོ་དགོས།

ལོགས་སུ་འཇོག་རིང་དུ། ལོགས་སུ་འཇོག་པའི་བྱ་ཐབས་ལག་ལེན་བསྟར་མཁན་མི་དམངས་སྲིད་གཞུང་གིས་ལོགས་སུ་བཞག་པའི་མི་སྣར་འཚོ་བའི་འགན་སྲུང་བྱེད་དགོས། ལོགས་སུ་བཞག་པའི་མི་སྣར་ལས་ཁུངས་ཡོད་མཁན་ལ་ལས་ཁུངས་ནས་ལོགས་སུ་འཇོག་རིང་གི་ལས་ཀའི་ཐོབ་ཆ་སྤྲོད་མཚམས་འཇོག་མི་ཆོག”

ལོགས་སུ་འཇོག་པའི་བྱ་ཐབས་མེད་པར་བཟོ་སྐབས། དེ་སྔ་ཐག་གཅོད་མཁན་ལས་ཁུངས་ཀྱིས་ཐག་གཅོད་པ་དང་སྦྲགས་ཁྱབ་བསྒྲགས་བྱེད་དགོས།

ཏོག་གསར་གློ་ཚད་ཤུགས་ཆེན་ཐོན་པ་དང་ཁྱབ་པའི་ས་ཁུལ་དུ་ས་གནས་སྲིད་གཞུང་གིས་ཛ་དྲག་གི་བྱ་ཐབས་གང་དག་སྤྱོད་དགོས་སམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པའི་ནང་། “འགོས་ནད་ཤུགས་ཆེན་ཐོན་པ་དང་ཁྱབ་པའི་དུས་སུ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འཕྲལ་མར་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས། སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་ལ་གཞིགས་ཏེ་འགོག་བཅོས་བྱས་ནས་འགོས་ནད་མཆེད་ས་མེད་པར་བཟོ་དགོས་པ་དང་། དགོས་ངེས་སྐབས་སུ་གོང་རིམ་མི་དམངས་སྲིད་གཞུང་ལ་ཐག་གཅོད་བྱེད་རྒྱུར་ཕུལ་ནས་གཤམ་གསལ་གྱི་ཛ་དྲག་བྱ་ཐབས་སྤྱད་ཆོག་པ་དང་འབྲེལ། སྤྱི་བསྒྲགས་སྤེལ་ཆོག་པའི་གཏན་འབེབས་བྱས་ཡོད་པ་སྟེ།

(གཅིག) ཚོང་འདུས་དང་གློག་བརྙན་ཟློས་གར་ཁང་དུ་འཁྲབ་སྟོན་ནམ་ཡང་ན། མི་འདུ་འཛོམས་བྱེད་པའི་བྱེད་སྒོ་གཞན་ཚོད་འཛིན་དང་མཚམས་འཇོག་བྱེད་དགོས་པ།

(གཉིས) ལས་མཚམས་འཇོག་པ་དང་། ལས་གཉེར་མཚམས་འཇོག་པ། སློབ་མཚམས་འཇོག་པ་བཅས་བྱེད་དགོས་པ།

(གསུམ) རིམས་ནད་འབྱུང་རྩས་སྦགས་བཙོག་བཟོས་པའི་སྤྱི་པའི་འཐུང་ཆུའི་ཆུ་ཁུངས་དང་བཟའ་བཅའ། དེ་བཞིན་འབྲེལ་ཡོད་དངོས་ཟོག་བཀག་པའམ་ཡང་ན་བསྡམས་ཉར་བྱེད་དགོས་པ།

(བཞི) རིམས་ནད་འགོ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་སྒོ་ཕྱུགས་དང་ཁྱིམ་བྱ་ཚོད་འཛིན་བྱེད་པའམ་ཡང་ན་གསོད་དགོས་པ།

(ལྔ) འགོས་ནད་ཁྱབ་སྲིད་པའི་ཁུལ་བཀག་སྡོམ་བྱེད་དགོས་པ།

གོང་རིམ་མི་དམངས་སྲིད་གཞུང་ལ་གོང་གསལ་ནང་གསེས་དོན་ཚན་ནང་འཁོད་པའི་ཛ་དྲག་བྱེད་ཐབས་སྐོར་གྱི་འོག་རིམ་མི་དམངས་སྲིད་གཞུང་གི་སྙན་ཞུ་འབྱོར་སྐབས་འཕྲལ་མ་ཉིད་དུ་ཐག་གཅོད་བྱེད་དགོས།

ཛ་དྲག་གི་བྱེད་ཐབས་མེད་པར་བཟོ་སྐབས་དེ་སྔ་ཐག་གཅོད་བྱེད་མཁན་ལས་ཁུངས་ཀྱིས་ཐག་གཅོད་བྱེད་པ་དང་འབྲེལ་ཁྱབ་བསྒྲགས་བྱེད་དགོས།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་ནང་། “རང་བྱུང་གནོད་འཚེ་དང་ལས་འཛོལ་གནོད་འཚེའམ་ཡང་ན་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཐོན་རྗེས། གཅིག་གྱུར་འགོ་ཁྲིད་འགན་འཁྲི་ལག་བསྟར་བྱེད་མཁན་གྱི་མི་དམངས་སྲིད་གཞུང་གིས་གཤམ་གསལ་གྱི་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་གཅིག་གམ་ཡང་ན་མང་པོ་སྤྱོད་ཆོག་པའི་གཏན་འབེབས་བྱས་ཡོད་པ་སྟེ།

(གཅིག) གནོད་འཚེ་ཕོག་མཁན་གྱི་སྐྱོབ་བཅོས་མི་སྣ་སྒྲིག་འཛུགས་བྱས་ནས་ཉེན་ཁ་འཕྲད་པའི་མི་སྣ་ཁ་འགྲེམས་པ་དང་། ཕྱིར་འཐེན། བཀོད་སྒྲིག་བཅས་བྱེད་པ་མ་ཟད། སྐྱོབ་རོགས་ཀྱི་བྱ་ཐབས་གཞན་དག་སྤྱོད་དགོས་པ།

(གཉིས) ཉེན་ཁའི་འབྱུང་རྩ་མགྱོགས་མྱུར་ཚོད་འཛིན་བྱེད་པ་དང་། ཉེན་ཁའི་ས་ཁོངས་གསལ་པོ་འཁོད་པ། ཉེན་ཁའི་ཁུལ་གྱི་སྒོ་བསྡམས་པ། ཉེན་ཟོན་ཁུལ་དབྱེ་མཚམས་འབྱེད་པ། འགྲིམ་འགྲུལ་དོ་དམ་ཚོད་འཛིན་དང་དེ་མིན་གྱི་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་དགོས་པ།

(གསུམ) འགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་མཁོ་འདོན། བཙོག་ཆུ་བཤང་འབུད། གློག་མཁོ་འདོན། སོལ་རླངས་མཁོ་འདོན། དྲོད་རླངས་མཁོ་འདོན་སོགས་སྤྱི་པའི་སྒྲིག་ཆས་སྐྱོན་ཤོར་བ་འཕྲལ་མར་ཉམས་གསོ་བྱེད་པ་དང་། གནོད་འཚེ་ཕོག་མཁན་ལ་ཉེན་གཡོལ་བྱེད་ས་དང་འཚོ་བའི་དགོས་ངེས་མཁོ་ཆས་མཁོ་འདོན་བྱེད་པ། སྨན་བཅོས་སྐྱོབ་སྲུང་དང་འཕྲོད་བསྟེན་རིམས་འགོག དེ་བཞིན་འགན་ལེན་གྱི་བྱེད་ཐབས་གཞན་དག་ལག་བསྟར་བཅས་བྱེད་དགོས་པ།

(བཞི) འབྲེལ་ཡོད་སྒྲིག་ཆས་དང་སྒྲིག་བཀོད་བཀག་འགོག་བྱེད་པའམ་ཡང་ན། ཚོད་འཛིན་བྱེད་པ་དང་། འབྲེལ་ཡོད་ཁུལ་སྒོ་བསྡམས་པའམ་ཡང་ན་སྤྱོད་རྒྱུ་ཚོད་འཛིན་བྱེད་པ། མི་སྣ་འདུ་འཛོམས་ཆེ་བའི་བྱེད་སྒོའམ་ཡང་ན་གནོད་འཚེ་ཁྱབ་ཆེ་རུ་འགྲོ་སྲིད་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་མཚམས་འཇོག་པ་དང་སྲུང་སྐྱོང་གི་བྱེད་ཐབས་གཞན་དག་སྤྱོད་དགོས་པ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་གཉིས་པར་མཐུད)

(ལྔ) རིམ་པ་དེ་གའི་མི་དམངས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ནོར་སྲིད་གྲ་སྒྲིག་གྲོན་དངུལ་དང་གྲབས་གསོག་བྱས་པའི་འཕྲལ་སྡོམ་རོགས་སྐྱོབ་དངོས་ཟོག་སྤྱོད་འགོ་ཚུགས་དགོས་པ་དང་། དགོས་ངེས་སྐབས་སུ་འཕྲལ་མཁོ་ཆེ་བའི་དངོས་ཟོག་དང་། སྒྲིག་ཆས། སྒྲིག་བཀོད། ལག་ཆ་གཞན་དག་སྐོང་འཐེན་བྱེད་དགོས་པ།

(དྲུག) འཕྲལ་སྡོམ་རོགས་སྐྱོབ་དང་ཐག་གཅོད་ཀྱི་ལས་དོན་ནང་སྤྱི་དམངས་ཞུགས་རྒྱུ་སྒྲིག་འཛུགས་བྱེད་པ་དང་དམིགས་བསལ་གྱི་ལག་རྩལ་ལྡན་པའི་མིས་ཞབས་འདེགས་ཞུ་རྒྱུའི་རེ་བ་བཏོན་དགོས་པ།

(བདུན) བཟའ་བཅའ་དང་། འཐུང་ཆུ། འབུད་ཤིང་སོགས་གཞི་རྩའི་འཚོ་བའི་དགོས་ངེས་ཀྱི་མཁོ་ཆས་མཁོ་འདོན་ལ་འགན་ལེན་བྱེད་དགོས་པ།

(བརྒྱད) འབེལ་ཉོ་དཀོན་འཚོང་དང་། རིན་གོང་ཧམ་སྤར། རྫུན་བཟོ་རྫུན་འཚོང་སོགས་ཁྲོམ་རའི་སྒྲིག་ལམ་དཀྲུགས་པའི་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་ནན་པོ་སྤྱད་དེ་ཁྲོམ་རའི་རིན་གོང་བརྟན་པོ་དང་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པ།

(དགུ) རྒྱུ་ནོར་ཧབ་ཐོབ་རྒྱག་པ་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ལ་འགལ་རྐྱེན་བཟོ་བ་སོགས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་བྱེད་སྤྱོད་ལ་ཁྲིམས་བཞིན་ཐག་གཅོད་ནན་པོ་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པ།

(བཅུ) ཟུར་ཐོན་དང་མཆེད་སྐྱེས་ཀྱི་དོན་རྐྱེན་ཐོན་རྒྱུ་འགོག་པའི་དགོས་ངེས་ཀྱི་བྱ་ཐབས་སྤྱོད་དགོས་པ།

འགོས་ནད་འབྱུང་རྐྱེན་འཚོལ་ཞིབ་གསལ་པོ་བྱ་ཆེད་སྨན་བཅོས་སྒྲིག་གཞིས་གང་འདྲ་བྱེད་དགོས་སམ།

《འགོས་ནད་འགོག་བཅོས་བྱ་ཐབས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་པའི་ནང་གསེས་གཉིས་པའི་ནང་གཏན་འབེབས་བྱས་དོན། “འགོས་ནད་འབྱུང་རྐྱེན་འཚོལ་ཞིབ་བྱ་ཆེད་སྨན་བཅོས་སྒྲིག་གཞིས་དགོས་ངེས་སྐབས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་གཏན་འབེབས་གཞིར་བཟུང་། འགོས་ནད་ཕོག་པའི་ནད་པའི་ཕུང་པོའམ་ཡང་ན་འགོས་ནད་ཀྱི་དོགས་པ་ཡོད་པའི་ནད་པའི་ཕུང་པོར་གཤགས་དཔྱད་བྱས་ཏེ་ཞིབ་བཤེར་བྱེད་དགོས་པ་དང་འབྲེལ། འདས་གྲོངས་སོང་མཁན་གྱི་ནང་མིར་ཤོད་དགོས”

འགོས་ནད་ཐོན་སྐབས་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུ་འགྲིམ་འགྲུལ་ཡོ་ཆས་ལ་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བྱེད་དགོས་སམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བཞི་པའི་ནང་གཏན་འབེབས་བྱས་དོན། “ཀ་པ་རིམ་པའི་འགོས་ནད་ཐོན་སྐབས། འགོས་ནད་དེ་འགྲིམ་འགྲུལ་ཡོ་ཆས་དང་དེ་བཞིན་དེའི་ནང་སྡོད་མཁན་མི་སྣ་དང་། དངོས་ཟོག་བརྒྱུད་ཁྱབ་རྒྱུ་བཀག་འགོག་བྱ་ཆེད་འགྲིམ་འགྲུལ་ཡོ་ཆས་ལ་འཕྲོད་བསྟེན་གྱི་རིམས་ནད་ཞིབ་བཤེར་བྱེད་དགོས། ཞིབ་ཕྲའི་བྱ་ཐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་ལ་གཞིགས་དགོས”

རིམས་ནད་ཀྱི་ཆ་འཕྲིན་རྫུས་མ་རྐང་བཙུགས་ནས་བཟོ་བ་དང་བརྒྱུད་སྤེལ་བྱེད་མཁན་གྱིས་བཅའ་ཁྲིམས་ཀྱི་འགན་གང་ཞིག་འཁུར་དགོས་སམ།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པའི་ནང་གཏན་འབེབས་བྱས་དོན། “གཏན་འབེབས་འདི་ལས་འགལ་ནས་འབྲེལ་ཡོད་ཐོལ་བྱུང་དོན་རྐྱེན་གནས་ཚུལ་འཕེལ་ཕྱོགས་སམ་ཡང་ན་འཕྲལ་སྡོམ་ཐག་གཅོད་ལས་དོན་གྱི་ཆ་འཕྲིན་རྫུས་མ་བཟོ་བ་དང་འབྲེལ་བརྒྱུད་སྤེལ་བྱེད་པའམ་ཡང་ན། ཐོལ་བྱུང་དོན་རྐྱེན་གནས་ཚུལ་འཕེལ་ཕྱོགས་སམ་ཡང་ན་འཕྲལ་སྡོམ་ཐག་གཅོད་ལས་དོན་གྱི་ཆ་འཕྲིན་རྫུས་མ་ཡིན་པ་ཤེས་བཞིན་དུ་བརྒྱུད་སྤེལ་བྱེད་རིགས་ལ་དག་བཅོས་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་སྦྲགས་ཐ་ཚིག་སྒྲོག་དགོས། མཇུག་འབྲས་ཚབས་ཆེན་བཟོ་རིགས་ལ་ཁྲིམས་བཞིན་དེའི་ལས་སྒོའི་བྱེད་སྒོ་གནས་སྐབས་གཉེར་མཚམས་འཇོག་པའམ་ཡང་ན་དེའི་ལས་གཉེར་ཆོག་འཐུས་ལག་ཁྱེར་རྩིས་མེད་བཟོ་དགོས། ཐད་ཀར་འགན་འཁྲི་ཡོད་པའི་མི་སྣ་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཡིན་རིགས་ལ། ད་དུང་དེར་ཁྲིམས་བཞིན་ཆད་པ་གཅོད་དགོས། བདེ་འཇགས་དོ་དམ་ལས་འགལ་བའི་བྱེད་སྤྱོད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ཉེས་ཆད་གཅོད་དགོས”

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་འབེབས་དོན་ཚན་ཉེར་ལྔ་པའི་ནང་གཏན་འབེབས་བྱས་དོན། “གཤམ་གསལ་གྱི་བྱེད་སྤྱོད་གྲས་གཅིག་ཡོད་རིགས་ལ། ཉིན་ལྔ་ནས་བཅུ་མན་གྱི་བཀག་ཉར་བྱེད་པ་དང་འབྲེལ། དངུལ་ཆད་སྒོར་ལྔ་བརྒྱ་མན་གཏོང་ཆོག གནས་ཚུལ་ཚབས་ཆུང་རིགས་ལ་ཉིན་ལྔ་མན་གྱི་བཀག་ཉར་བྱེད་པའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་དགོས། (གཅིག)དཀྲོག་གཏམ་ཤོད་པ་དང་། ཉེན་ཁ་དང་། རིམས་ནད། ཉེན་བརྡ་བཅས་ཀྱི་གནས་ཚུལ་རྫུན་ཞུ་བྱེད་པའམ་ཡང་ན་ཐབས་ཤེས་གཞན་དག་སྤྱད་དེ་སྤྱི་པའི་སྒྲིག་ལམ་རྐང་བཙུགས་ནས་གཏོར་བཤིག་གཏོང་རིགས་སོགས་རེད”

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་གི་ནང་གསེས་གཉིས་པའི་ནང་གཏན་འབེབས་བྱས་དོན།“ཉེན་ཁ་དང་། རིམས་ནད། ཉེན་བརྡ་བཅས་ཀྱི་གནས་ཚུལ་རྫུས་མ་བཟོས་ནས་ཆ་འཕྲིན་དྲ་རྒྱའམ་ཡང་ན་སྨྱན་སྦྱོར་ལས་སྟེགས་གཞན་དག་ཐོག་བརྒྱུད་སྤེལ་བྱེད་པའམ་ཡང་ན་གོང་གསལ་གྱི་ཆ་འཕྲིན་རྫུས་མ་ཡིན་པ་ཤེས་བཞིན་དུ་ཆ་འཕྲིན་དྲ་རྒྱའམ་ཡང་ན་སྨྱན་སྦྱོར་ལས་སྟེགས་གཞན་དག་ཐོག་བརྒྱུད་སྤེལ་བྱས་ནས་སྤྱི་ཚོགས་སྒྲིག་ལམ་ལ་ཟང་ཟིང་བཟོ་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཙན་ཉར་ལས་སྐུལ་བྱེད་པའམ་ཡང་ན་ལྟ་སྡོམ་བྱེད་དགོས། མཇུག་འབྲས་ཚབས་ཆེན་བཟོ་རིགས་ལ་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་བྱེད་དགོས”

ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བ་དང་། འབྲེལ་ཡོད་སྲིད་གཞུང་གི་གཏན་འབེབས་དང་བཀའ་རྒྱའམ་ཡང་ན་བྱ་ཐབས་དང་ལེན་མི་བྱེད་པ་དང་གཞོགས་འདེགས་མི་བྱེད་པའམ་ཡང་ན་ལག་བསྟར་དང་ལེན་མི་བྱེད་པའི་རིགས་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་ཡོད་དམ།

《ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་རེ་དྲུག་པའི་ནང་གཏན་འབེབས་བྱས་དོན། “ཚན་པའམ་ཡང་ན་མི་སྒེར་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ནས་རང་གནས་སའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱར་དང་ལེན་མི་ཞུའམ་ཡང་ན་གཞོགས་འདེགས་མི་བྱེད་པའི་རིགས་ལ་ཁྲིམས་བཞིན་བྱ་ཐབས་སྤྱོད་དགོས། བདེ་འཇགས་དོ་དམ་སྲོལ་ཡིག་ལས་འགལ་བའི་བྱེད་སྤྱོད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས”

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུའི་ནང་གཏན་འབེབས་བྱས་དོན། “གཤམ་གསལ་གྱི་བྱེད་སྤྱོད་གྲས་ཤིག་ཡོད་རིགས་ལ། ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་ཆད་པ་གཅོད་དགོས། གནད་ཚུལ་ཚབས་ཆེ་རིགས་ལ་ཉིན་ལྔ་ཡན་དང་ཉིན་བཅུ་མན་བཀག་ཉར་བྱེད་པ་དང་ཆབས་ཅིག་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་དགོས། (གཅིག)མི་དམངས་སྲིད་གཞུང་གིས་ཛ་དྲག་གནས་ཚུལ་འོག་ཁྲིམས་བཞིན་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་ལེན་མི་བསྟར་བའི་རིགས་དང་། (གཉིས)རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་བཞིན་ལས་འགན་བསྒྲུབ་རྒྱུར་བཀག་འགོག་བྱེད་རིགས་སོགས་རེད”

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་བདུན་བཅུ་དོན་བདུན་གྱི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་དོན། “གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་ཁྲིམས་བཞིན་ལས་འགན་བསྒྲུབ་རྒྱུར་བཀག་འགོག་བཟོ་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཙན་ཉར་ལས་སྐུལ། ལྟ་སྡོམ་བཅས་བྱེད་པའམ་ཡང་ན་དངུལ་ཆད་གཅོད་དགོས” ནང་གསེས་གསུམ་པའི་ནང་གཏན་འབེབས་བྱས་དོན། “རང་བྱུང་གནོད་འཚེ་དང་ཐོལ་བྱུང་དོན་རྐྱེན་ཁྲོད་གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱ་ཐབས་སྤྱད་ནས་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་མི་སྣས་ཁྲིམས་བཞིན་འགན་འཁྲི་སྒྲུབ་རྒྱུར་བཀག་འགོག་བྱེད་རིགས་ལ་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས”

《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུའི་ནང་གསེས་དང་པོའི་ནང་གཏན་འབེབས་བྱས་དོན།“འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་ནས་གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཐོན་ནས་ཀ་པ་རིམ་པའི་འགོས་ནད་བརྒྱུད་སྤེལ་བྱེད་པའམ་ཡང་ན་ཁྱབ་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་བྱེད་པའམ་ཡང་ན་བཙན་ཉར་ལས་སྐུལ་བྱེད་དགོས། མཇུག་འབྲས་ཧ་ཅང་ཚབས་ཆེན་ཡོད་རིགས་ལ་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་བྱེད་དགོས་པ་སོགས། (བཞི)འཕྲོད་བསྟེན་རིམས་འགོག་སྒྲིག་གཞིས་འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་གཞིར་བཟུང་བཏོན་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལག་བསྟར་མི་བྱེད་པའི་རིགས”

ཏོག་གསར་གློ་ཚད་བརྒྱུད་སྤེལ་བྱེད་པའམ་ཡང་ན་ཁྱབ་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ཀྱིས་ཉེས་དོན་འགན་འཁྲི་འཁུར་དགོས་སམ།

《རྒྱལ་ཁབ་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་གཉིས་པའི་ནང་གཏན་འབེབས་བྱས་དོན། “གཏན་འབེབས་འདི་ལས་འགལ་ནས་རིམས་ནད་ཞིབ་བཤེར་གྱི་འགོས་ནད་ཁྱབ་པའམ་ཡང་ན་རིམས་ནད་ཞིབ་བཤེར་གྱི་འགོས་ནད་ཁྱབ་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས”

《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་གཉིས་པའི་ནང་གཏན་འབེབས་བྱས་དོན། “རྒྱལ་མཚམས་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་གྱི་གཏན་འབེབས་ལས་འགལ་ནས་རིམས་ནད་ཞིབ་བཤེར་གྱི་འགོས་ནད་ཁྱབ་པའམ་ཡང་ན་རིམས་ནད་ཞིབ་བཤེར་གྱི་འགོས་ནད་ཁྱབ་པའི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་བྱེད་པའམ་ཡང་ན་བཙན་ཉར་ལས་སྐུལ་བྱེད་པ་དང་ཆབས་ཅིག་དངུལ་ཆད་མཉམ་དུ་གཅོད་པའམ་ཁེར་རྐྱང་གཅོད་དགོས། ཚན་པས་གོང་གསལ་དོན་ཚན་གྱི་ཉེས་པ་གསོག་རིགས་ལ། ཚན་པར་དངུལ་ཆད་གཅོད་པ་དང་ཆབས་ཅིག་དེའི་ཐད་ཀར་འགན་ཁུར་གྱི་མི་སྣ་གཙོ་བོ་དང་ཐད་ཀའི་འགན་འཁྲིའི་མི་སྣ་གཞན་དག་ལ་གོང་གསལ་དོན་ཚན་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས”

ཏོག་གསར་གློ་ཚད་ཀྱི་འབྱུང་རྩའི་སྦགས་བཙོག་གི་བཙོག་ཆུ་དང་། བཙོག་དངོས། གནས་ཡུལ། དངོས་ཟོག་བཅས་གང་འདྲ་བྱས་ཏེ་ཐག་གཅོད་བྱེད་དགོས་སམ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་ཉི་ཤུ་རྩ་བདུན་ནང་གཏན་འབེབས་བྱས་དོན།“འགོས་ནད་ཀྱི་འབྱུང་རྩའི་སྦགས་བཙོག་གི་བཙོག་ཆུ་དང་། བཙོག་དངོས། གནས་ཡུལ། དངོས་ཟོག་བཅས་ལ་འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་མཛུབ་ཁྲིད་འོག་གམ་ཡང་ན་བཏོན་པའི་འཕྲོད་བསྟེན་གྱི་བླང་བྱ་གཞིར་བཟུང་། དུག་སེལ་ཐག་གཅོད་ནན་པོ་བྱེད་དགོས། དུག་སེལ་དང་ལེན་མི་བྱེད་པའི་རིགས་ལ། ས་གནས་དེ་གའི་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་ནམ་ཡང་ན་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིས་བཙན་ཤེད་ངང་དུག་སེལ་བྱེད་དགོས”

དོན་ཚན་ཞེ་བདུན་ནང་གཏན་འབེབས་བྱས་དོན། “རིམས་ནད་ཐོན་ཁུལ་དུ་རིམས་ནད་འགོས་པའམ་ཡང་ན་རིམས་ནད་འགོས་པའི་ཉེན་ཁ་ཡོད་པའི་དངོས་ཟོག་དུག་སེལ་བྱས་ཏེ་བེད་སྤྱོད་བྱེད་ཆོག་པའི་རིགས་ལ་ས་གནས་དེ་གའི་ནད་ཡམས་སྔོན་འགོག་ཚོད་འཛིན་སྒྲིག་གཞིའི་མཛུབ་ཁྲིད་འོག་དུག་སེལ་བྱས་རྗེས་བེད་སྤྱོད་དང་། ཕྱིར་ཚོང་། སྐྱེལ་འདྲེན་བཅས་བྱེད་ཆོག”