《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

“ཁེར་རྐྱང”ནས“མཉམ་འགུལ”དུ་འགྱུར་བར་བྱས་པ།

—རང་ལྗོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་སྐོར་གྱི་སྒྲིལ་གླེང་།

སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལམ་ལུགས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་གི་འཐབ་ཇུས་ལག་བསྟར་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད། སྤྱི་པའི་ཁེ་ཕན་སྲུང་སྐྱོང་ལ་ཤུགས་སྣོན། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་སྤེལ་མགྱོགས་སུ་གཏོང་བ་བཅས་ཀྱི་ཐད་བཏོན་པའི་ལམ་ལུགས་ཀྱི་ཇུས་འགོད་དང་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པའི་སྐོར་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྱོང་ལ་སྐུལ་འདེད། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་གཏོང་བཅས་ཀྱི་ཐད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

▲ 2019ལོའི་ཟླ་9ཚེས་18ཉིན། སྣང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གཏུག་བཤེར་བྱས་པའི་བོད་ཀྱི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཐོག་མ་དེ་སྣང་རྫོང་མི་དམངས་ཁྲིམས་ཁང་དུ་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

1

ཁྱབ་ཁོངས་ཆེན་པོ་ལྔར་དམིགས་ནས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་ཁྲིམས་བཞིན་སྒྲུབ་པ།

“ཁྱབ་ཁོངས་ཆེན་པོ་ལྔའི”མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་གཞིགས་ནས་འགན་དབང་ལ་བརྟེན་པའི་རང་འགུལ་ལྟ་སྐུལ་གྱི་རལ་གྲིའི་ནུས་པ་གང་ལེགས་བཏོན་ཡོད། ལོ་གཉིས་རིང་། ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་ཁྱོན་1281མཐིལ་རྟོགས་གྲལ་བཤེར་བྱས་ནས་གྱོད་གཞི་630ཐོ་འགོད་བྱས་པ་དང་། སྤྱི་ཚོགས་ལ་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་སྤྱི་བསྒྲགས་21ཁྱབ་བསྒྲགས་བྱས་པ། མི་དམངས་ཁྲིམས་ཁང་ལ་ཉེས་དོན་ཞོར་སྦྲགས་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་16དང་སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་1བྱས་ཡོད།

སྣོད་བཅུད་ཁོར་ཡུག་ཐོན་ཁུངས་ཀྱི་སྤྱི་ཕན་སྲུང་སྐྱོང་ཞིབ་དཔྱོད་ཀྱི་སྲུང་ཡོལ་ཧུར་ཐག་བསྐྲུན་ཞིང་། སྣོད་བཅུད་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་གཞིགས་ནས“ཆེད་ལས་ཅན་གྱི་བཅའ་ཁྲིམས་ལྟ་སྐུལ+སླར་གསོ་རང་བཞིན་གྱི་ཁྲིམས་འཛིན་ལག་ལེན+སྤྱི་ཚོགས་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང”བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་ཀྱི་ཞིབ་དཔྱོད་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ་མ་ཟད། སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱོད་གཞི་440གྱོད་ཁོངས་སུ་བཅུག་པ་དང་། གཏུག་བཤེར་གོང་གི་ཞིབ་དཔྱོད་གྲོས་འགོ་392བཏོན་པ། ཉེས་དོན་ཞོར་སྦྲགས་དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་13ཁྲིམས་བཞིན་བཏོན་པ་བཅས་བྱས་པར་ཁྲིམས་ཁང་གི་ཁྲིམས་གཅོད་ཐད་ཀྱི་རྒྱབ་སྐྱོར་ཐོབ་ཡོད། ཁོར་ཡུག་མུའུ་265.666སླར་གསོ་བྱུང་སྟེ་མུའུ་6136.4ཡི་སྔོ་ཁེབས་ཁ་གསབ་དང་རྩི་ཤིང་སླར་གསོ་ཐུབ་པ་དང་། ལྗོན་ཤིང་རྐང་ཁྲི་37ལྷག་ཙམ་བཙུགས་པ། གད་སྙིགས་ཏུན་3562.6གཙང་སེལ་གྱིས་འགྱིག་ཁུག་ཁྲི་26.8མེད་པར་བཟོས་པ། སྒྲིག་འགལ་སྐྲུན་དངོས་7བཤིག་པ། སྲིད་འཛིན་ལས་ཁུངས་ལ་ལྟ་སྐུལ་བྱས་ནས་མ་དངུལ་སྒོར་ཁྲི་3347.56བཏང་བ་བཅས་རེད།

“དུད་ཚང་ཁྲི་སྟོང་གི་ལྕེ་ཐོག་གི་བདེ་འཇགས”དང་སྨན་རྫས་ཀྱི་བདེ་འཇགས་འགན་ལེན་ཤུགས་ཆེན་བྱས་ཤིང་། ཞིང་ལས་ཉོ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་གི་ཞིང་འབྲོག་ཐོན་ཟོག་དང་། ལས་སྣོན་བཟའ་བཅའ་ཕྱིར་ཚོང་། དྲ་རྒྱའི་བཟའ་བཏུང་ཕྱིར་ཚོང་། སྨན་རྫས་ཕྱིར་ཚོང་བཅས་གཙོ་གནད་དུ་བྱས་ནས་བཟའ་བཅའི་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཁྱོན་175གྱོད་ཁོངས་སུ་བཅུག་པ་དང་། གཏུག་བཤེར་གོང་གི་ཞིབ་དཔྱོད་ཀྱི་གྲོས་འགོ་158བཏོན་པ། ཁྲིམས་ཁང་ལ་ཉེས་དོན་ཞོར་སྦྲགས་ཀྱི་དམངས་དོན་སྤྱི་ཕན་གཏུག་བཤེར་1བྱས་པ། སྲིད་འཛིན་ལས་ཁུངས་ལ་སྐུལ་མ་བཏང་ནས་སྒོར་ཁྲི་23.58རི་བའི་དུས་ཚོད་ཡོལ་བའི་བཟའ་བཅའ་ཏུན་ཁྲི་2.1ལ་རྒྱ་བཏབ་པ་དང་བཀག་ཉར་བྱས་པ། ཚད་གཞི་མི་ལོན་པའི་སྨན་སྒམ་ཆུང་124དང་སྨན་ཁབ་སྒམ་14 སྨན་བཅོས་ཡོ་བྱད་སྒམ་37བཅས་བཀག་ཉར་དང་མེད་པར་བཟོས་པ་དང་འབྲེལ་ཞུ་གཏུག་བྱས་ཏེ་སྨན་རྫས་ཚུར་བསྡུ་འགོ་ཚུགས་ཡོད།

མང་ཚོགས་ལ་བསམ་འཆར་ཆ་ཆེ་བའི“སྤྱི་པའི་ཐོན་ཁུངས་ཀྱི་སྐྱོ་གར”དོན་རྐྱེན་གྱི་གྱོད་གཞིར་དམ་པོར་གཞིགས་ཏེ། གཞུང་ཁོངས་ས་ཆ་བེད་སྤྱོད་དབང་ཆའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་15གྱོད་དོན་ཐོ་འགོད་བྱས་པར་ཞིབ་དཔྱོད་གྲོས་འགོ་15བཏོན་པ་དང་། ཆོག་མཆན་མ་ཐོབ་པར་སྔོན་ལ་བསྐྲུན་པར་སྲིད་འཛིན་ཉེས་ཆད་དངུལ་སྒོར་ཁྲི་3.9གཏོང་རྒྱུར་ལྟ་སྐུལ་བྱས་པ། བེད་མེད་ས་ཆ་མུའུ་5.95གསར་སྤེལ་བྱ་རྒྱུར་སྐུལ་མ་བཏང་ནས་རྒྱལ་ཁབ་ལ་གྱོང་གུན་སྒོར་ཁྲི་120མི་ཕོག་པར་བྱས་པ། གཞུང་ཁོངས་རྒྱུ་ནོར་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་གྱོད་དོན་ཐོ་འགོད་12བྱས་པར་ཞིབ་དཔྱོད་གྲོས་འགོ་8བཏོན་ནས་རྒྱལ་ཁབ་ལ་གྱོང་གུན་སྒོར་ཁྲི་76.842མི་ཕོག་པ་བྱས་ཡོད།

སྔོན་གཤེགས་དཔའ་བོའི་ཁེ་དབང་ལ་ཞིབ་དཔྱོད་ཀྱིས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་དམིགས་ནས་སྔོན་གཤེགས་དཔའ་བོའི་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁུངས་སྣེ་4མཐིལ་བཤེར་བྱས་པ་དང་4གྱོད་དོན་ཐོ་འགོད་བྱས་པ་དང་སྦྲགས་ཞིབ་དཔྱོད་ཀྱི་གྲོས་འགོ་3བཏོན་ཡོད།

ཁྲིམས་བཞིན་སྲིད་འཛིན་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། སྲིད་འཛིན་ཁྲིམས་འཛིན་གནད་ལ་མ་འཁྱོལ་བ་ལས་སྤྱི་པའི་ཁེ་ཕན་འགན་སྲུང་ཡག་པོ་མ་ཐུབ་པའི་གནད་དོན་ལ་དམིགས་ཏེ་ཤུགས་སྣོན་བརྒྱབ་པ་དང་། གཏུག་བཤེར་གོང་གི་ལྟ་སྐུལ་དག་ཐེར་གྱི་གོ་རིམ་ལ་བརྟེན་ནས་སྤྱི་ཕན་སྲུང་སྐྱོང་བྱེད་པའི་དམིགས་ཡུལ་དེ་ཁྲིམས་འཛིན་གྱི་རྣམ་པ་ཡག་ཤོས་སུ་བརྩིས་ཡོད། ལོ་གཉིས་རིང་། སྲིད་འཛིན་ལས་ཁུངས་ཀྱིས་ལས་འགན་558ཁྲིམས་ལྟར་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པར་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱི་དག་ཐེར་བྱེད་ཚད་98.1%ཟིན་ཡོད་པ་རེད།

2

རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ།

“ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུས་རབས་གསར་པར་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་བསྐང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་པོར་བསྲུངས་ཏེ། ‘སྤྱི་པའི་ཁེ་ཕན་གྱི་འཐུས་མིས’འགན་འཁྲི་བསྒྲུབ་རྒྱུར་མི་འཚམ་པའི་གནད་དོན་མང་པོ་ཞིག་ལ་དམ་པོར་དམིགས་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱི་རང་ངོས་གསར་བརྗེར་བརྟེན་ནས་བཅའ་ཁྲིམས་ལྟ་སྐུལ་སྐོར་གྱི་ཏང་དང་རྒྱལ་ཁབ་ཀྱི་ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་ལེགས་ཆར་བསྒྱུར་བའི་སྤྱི་ཚོགས་གསར་བརྗེར་སྐུལ་སྤེལ་བཏང་ཡོད”ཅེས་ཀྲུའུ་ཡ་ཕིང་གིས་བརྗོད།

སྤྱི་ཕན་སྲུང་སྐྱོང་གི་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་ཀྱི་རྣམ་པ་ཆགས་རྒྱུར་སྔར་བས་སྐུལ་འདེད་བཏང་ཞིང་། མཛེས་སྡུག་ལྡན་པའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ་དང་། དེ་བས་རང་རྟོགས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་དེ་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་སྐུལ་འདེད་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། གནད་དོན་གསར་པ་ཐག་གཅོད་བྱེད་པ། འགོ་གསར་པ་འཛུགས་པ་བཅས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ཆེད་ལས་ཀྱི་ཆུ་ཚད་ཟམ་མ་ཆད་པར་མཐོ་རུ་བཏང་ཞིང་། སྤྱི་ཕན་ཁྲིམས་འཛིན་སྲུང་སྐྱོང་གི“དགོས་མཁོའི་ཕྱོགས”ལ་དམིགས་ཏེ་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི“མཁོ་སྤྲོད་ཕྱོགས”སྒྱུར་བཅོས་བྱས་ནས“གྲངས་འབོར་ནི་རྨང་གཞི་དང་། སྤུས་ཚད་ནི་འགག་རྩ། གྲུབ་ཆ་ལེགས་གཏོང་ནི་གཙོ་གནད”བཅས་ཀྱི་བླང་བྱར་གཞིགས་ནས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་གྱི་མཁོ་སྤྲོད་ནུས་ལྡན་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་རེད།

མི་དམངས་འཐུས་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་སྔར་བས་རང་རྟོགས་ངང་དང་ལེན་བྱས་ཤིང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་ལ་དམ་པོར་བརྟེན་ནས་ལས་དོན་བསྒྲུབས་པ་དང་། རང་འགུལ་ངང་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་སེང་དང་། གྲོས་ཞིབ་དང་འདྲི་རྩད་དང་ལེན་བྱས་ཏེ་ས་གནས་ཀྱི་འབྲེལ་ཡོད་ཁྲིམས་འཛུགས་ལས་དོན་སྤེལ་རྒྱུར་དུས་ཐོག་ཏུ་སྐུལ་འདེད་བཏང་ཡོད། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་དང་འབྲེལ་གཏུག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དེ་ཉིད་ལྟ་སྐུལ་དག་ཐེར་དང་། སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་སའི་འདྲི་གཅོད། གྱོད་གཞིའི་དཔྱད་མོལ། ཡོངས་བསྒྲགས་ངང་དཔང་ཉན་སོགས་ལས་དོན་ལ་ཞུགས་རྒྱུར་རང་འགུལ་གདན་ཞུ་བྱས་ཏེ་ཁྲིམས་ལྟར་ལས་འགན་ཡང་དག་སྒྲུབ་པའི་འགན་ལེན་བྱས་པ་རེད།