《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ཁྲོམ་གཟིགས་སྒང་དུ་ལོ་གསར་གྱི་མཁོ་ཆས་ཉོ་ཚོང་གི་རྣམ་པ་འཁྲུག་ཆ་དོད་པ།

ཁྲོམ་གཟིགས་སྒང་ནི་ལྷ་སའི་འཁྲུག་ཆ་དོད་ཤོས་ཀྱི་ས་ཆ་ཞིག་ཡིན། ཚོང་རར་ཚོང་ཟོག་སྣ་ཁ་འདྲ་མིན་སྣ་ཚོགས་ཡོད་པ་དེ་དག་བརྒྱ་ཟོག་ནས་གྱོན་ཆས་བར་ཁྱོན་རིགས་ཆེན་པོ་བཅུར་དབྱེ་ཡོད། ཐོག་བརྩེགས་དང་པོར་གཙོ་བོ་བཟའ་བཅའ་དང་། མར། སྔོ་ཚལ། ཤ་རིགས་བཅས་ཚོང་གཉེར་བྱེད་པ་དང་། ཐོག་བརྩེགས་གཉིས་པར་གཙོ་བོ་ལྷམ་དང་། བརྒྱ་ཟོག ལྕགས་རིགས། ཐ་མག་སོགས་ཚོང་་གཉེར་བྱེད་པ། ཐོག་བརྩེགས་གསུམ་པར་གཙོ་བོ་གྱོན་ཆས་སོགས་ཚོང་གི་ཡོད་པས་འཛད་སྤྱོད་པའི་དགོས་མཁོ་གང་རུང་སྐོང་ཐུབ་ཀྱི་ཡོད། བསྡོམས་རྩིས་རགས་ཙམ་བརྒྱབ་ན། ཁྲོམ་གཟིགས་སྒང་དུ་ཉིན་རེར་འགྲུལ་པ་ཡོང་ཚད་མི་ཐེངས་ཆིག་སྟོང་ཡན་ཟིན་པ་དང་། ཉིན་རེར་ཉོ་ཚོང་བྱེད་ཚད་སྒོར་ཁྲི་60ནས་70བར་ཟིན་གྱི་ཡོད་པས“གངས་ལྗོངས་ས་མཐོའི་དབྱི་ཝུའུ”ཞེས་པའི་མཚན་སྙན་ལྡན་ཡོད།

ཁྲོམ་གཟིགས་སྒང་ཚོང་ར་ནི་ལྷ་སའི་འཁྲུག་ཆ་དོད་ཤོས་ཀྱི་ཁྲོམ་རའི་གྲས་ཤིག་ཡིན་པ་དང་། ལྷག་པར་དུ་ལོ་ལྟར་གྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྔ་རོལ་དུ་ས་ཁུལ་ཁག་ནས་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་བའི་མི་རྣམས་འདིར་འཛོམས་པས་ཁྲོམ་ར་ཡོངས་མི་ཚོགས་ཀྱི་འདུ་འཛིས་ཁེངས་ཀྱི་ཡོད།

ཁྲོམ་གཟིགས་སྒང་ཁྲོམ་ར་1991ལོར་བཙུགས་ཤིང་། བོད་ཀྱི་ཚོང་ཁང་རྙིང་ཤོས་ཀྱི་གྲས་ཤིག་རེད། དེ་སྔ་ཐོག་མེད་ཚོང་ཁང་ཡིན་མོད། ད་ཆ་ང་ཚོའི་མིག་ལམ་དུ་མངོན་པའི་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཚོང་ཁང་དེ་ནི་2009ལོར་གསར་སྐྲུན་བྱས་པའི་ནུས་པ་ཆ་ཚང་བའི་ཚོང་ཁང་ཞིག་ཡིན་ཞིང་། མིག་སྔར་ཚོང་ཁང་དེར་ཁྲོམ་བཀྱག་1600ལྷག་ཙམ་དང་ཚོང་པ་2500ལྷག་ཙམ་ཡོད་པ་རེད། ཁོང་ཚོ་ནི་སི་ཁྲོན་དང་། ཧུའུ་ནན། ཧུའུ་པེ། ཀན་སུའུ། ཤིན་ཅང་། ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་ནས་ཡོང་ཞིང་། དེར་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་ཀྱི་མི་རིགས་འདུས་ཡོད་པ་རེད། སྐུ་ཞབས་ཀུང་ལགས་ནི་ཁྲོམ་གཟིགས་སྒང་གི་སྒེར་གཉེར་ཚོང་དུད་རྙིང་པའི་ཁྲོད་ཀྱི་གྲས་ཤིག་ཡིན་པ་དང་། ཁོང་གིས་1994ལོ་ནས་བཟུང་། ཁྲོམ་གཟིགས་སྒང་དུ་ཚོང་བརྒྱབ་ནས་བསྡད་ཡོད། ཁོང་གིས“ད་ཆ་འཛད་སྤྱོད་པས་སྔོན་ཆད་ལྟར་རིན་གོང་ཁོ་ནར་ལྟ་གི་མིན་འདུག ཉེ་བའི་ལོ་ཤས་རིང་། མི་སེར་གྱི་འཚོ་བའི་ཆུ་ཚད་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་བསྟུན་ནས་ཚོང་ཟོག་གི་སྤུས་ཚད་དང་བཟོ་ལྟར་ལྟ་གི་འདུག ཉེ་བའི་ལོ་ཤས་རིང་། དྲ་ཐོག་ཚོང་ཁང་གི་ཤུགས་རྐྱེན་ཕོག་པ་ལས་ཚོང་དེ་སྔ་ལྟར་བྲིན་ཁ་རྒྱུག་པོ་མེད་རུང་། ཁྲོམ་གཟིགས་སྒང་སྔར་བཞིན་མི་སེར་དཀྱུས་མའི་གདམ་ག་ཡག་ཤོས་དང་ལྷ་སའི་འཁྲུག་ཆ་དོད་ཤོས་ཀྱི་ཚོང་ཁང་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།