《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

རང་ལྗོངས་ཀྱིས་འཕྲུལ་སྒུལ་འཁོར་རིགས་ཀྱི་འགན་བཅོལ་ཉོ་མཁན་གྱི་མིང་ངོ་མའི་གྲོན་འཇལ་ཚོད་ལྟའི་ལས་དོན་ཁྱབ་གདལ་བཏང་བ།

འགན་བཅོལ་ཉོ་མཁན་འཁོར་བདག་མིན་ཚེ། མང་ཤོས་སུ་འཁོར་རིགས་3ལ་འགན་བཅོལ་ཉོ་ཆོག

འགན་བཅོལ་འཚོང་བའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་བ་དང་། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་དང་གདམ་གའི་དབང་ཆར་སྲུང་སྐྱོང་བྱེད་པ། ཉེན་ཁ་འགོག་ཟོན་དང་སེལ་བ་བཅས་བྱ་ཆེད། 《འགན་བཅོལ་བཅའ་ཁྲིམས》དང《འཁོར་རིགས་འགན་བཅོལ་ཉོ་མཁན་གྱི་གྲོན་འཇལ་མིང་ངོ་མ་ར་སྤྲོད་ཀྱི་ཚོད་ལྟའི་ལས་དོན་སྐོར་གྱི་ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཨུ་ལྷན་བོད་ལྗོངས་ལྟ་འདོམས་ཅུས་ཀྱི་བརྡ་ཐོ》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱིས་2019ལོའི་ཟླ་12ཚེས་27ཉིན་ནས་བཟུང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་འགན་བཅོལ་ཉོ་མཁན་གྱི་མིང་ངོ་མའི་གྲོན་འཇལ་ཚོད་ལྟའི་ལས་དོན་ཁྱབ་གདལ་བཏང་བ་རེད།

གསར་འགོད་པས་རང་སྐྱོང་ལྗོངས་འགན་བཅོལ་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར། འཁོར་རིགས་འགན་བཅོལ་ཉོ་མཁན་གྱི་མིང་ངོ་མའི་གྲོན་འཇལ་ནི་འགན་བཅོལ་ཉོ་མཁན་གྱིས་འཁོར་རིགས་འགན་བཅོལ་ཉོ་སྐབས་རྒྱུ་ནོར་འགན་བཅོལ་ཀུང་སི་དང་འགན་བཅོལ་བར་འབྲེལ་སྒྲིག་གཞིས་གྲོན་འཇལ་རྩིས་ཁྲའི་ཆ་འཕྲིན་བདེན་པ་ཡིན་མིན་ཞིབ་བསྡུར་བྱས་ནས་གྲོན་འཇལ་རྩིས་ཁྲའི་ཆ་འཕྲིན་དང་འགན་བཅོལ་ཉོ་མཁན་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་པར་ཟེར། དེ་ལྟར་བྱེད་དགོས་དོན་ནི་འགན་བཅོལ་ཀུང་སི་དང་། འགན་བཅོལ་བར་འབྲེལ་སྒྲིག་གཞི། ཕྱོགས་གསུམ་པའི་སྒྲིག་གཞི། མི་སྒེར་བཅས་ཀྱིས་སྒྲིག་འགལ་ངང་རྣམ་པ་སྣ་ཚོགས་སྤྱད་ནས་འགན་བཅོལ་འཇལ་དངུལ་ཚབ་སྤྲོད་མི་བྱེད་པའི་ཆེད་དུ་རེད། བོད་དུ་འགྲིམ་འགྲུལ་བཙན་སྐུལ་འགན་བཅོལ་དང་ཚོང་ལས་འཁོར་རིགས་འགན་བཅོལ་ཉོས་པའི་མི་སྒེར་གྱིས་གྲོན་དངུལ་འཇལ་སྐབས་མིང་ངོ་མས་ར་སྤྲོད་བྱེད་དགོས།

མིག་སྔར་མིང་ངོ་མའི་ར་སྤྲོད་མ་ལག་དེ་དངུལ་ཁང་གཱ་དང་། སྐད་འཕྲིན། གཏོང་སྤྲོདའབོ། ཅིང་ཏུང་སོགས་གཏོང་སྤྲོད་བྱེད་སྟངས་གཙོ་བོ་ཁག་ལ་ཁྱབ་ཡོད། གྲོན་འཇལ་གྱི་མིང་ངོ་མ་འགོད་པའི་ལམ་ལུགས་འགན་ལེན་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་ཆེད། བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱིས་ནོར་དངུལ་འགན་བཅོལ་ཀུང་སི་དང་འགན་བཅོལ་བར་སྦྲེལ་སྒྲིག་གཞིར་ཡིག་ཆ་བཏང་བ་དང་། རང་སྐྱོང་ལྗོངས་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་ལས་ཀའི་གཙོ་གནད་བཟོས་ཏེ་ལས་རིགས་ཀྱི་ཚད་གཞི་གཅིག་གྱུར་བཟོས་པ་དང་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་མིང་ངོ་མས་གྲོན་དངུལ་འཇལ་བར་ལུགས་མཐུན་ཁྲིད་སྟོན་བྱས་ཏེ་འཛད་སྤྱོད་པས་འཁོར་རིགས་འགན་བཅོལ་ཉོ་སྐབས་དེ་བས་སྟབས་བདེ་རུ་ཡོང་བ་བྱས་ཡོད། འཛད་སྤྱོད་པས་འགན་བཅོལ་ཉོ་སྐབས་གནད་དོན་གང་རུང་འཕྲད་ཚེ། འགན་བཅོལ་ཀུང་སིའི་གཅིག་གྱུར་འབྲེལ་གཏུག་ཁ་པར་རྒྱག་པའམ་ཡང་ན་འགན་བཅོལ་ཀུང་སིའི་ལས་གཉེར་ཁང་ལ་བློ་འདྲི་བྱེད་ཆོག

འགན་འཁུར་བ་དེས་དྲན་སྐུལ་བྱས་དོན། འཁོར་རིགས་འགན་བཅོལ་ཉོ་མཁན་གྱི་མིང་ངོ་མའི་གྲོན་འཇལ་ལག་བསྟར་བྱས་རྗེས། འཛད་སྤྱོད་པས་ཉོས་པའི་འཁོར་རིགས་འགན་བཅོལ་གྱི་རིན་གོང་དང་གྲོན་དངུལ་གཏོང་སྤྲོད་བྱེད་སྟངས་དབར་འབྲེལ་བ་མེད་པས་གྲོན་དངུལ་མང་དུ་འགྲོ་མི་སྲིད། འགན་བཅོལ་ཉོ་མཁན་འཁོར་བདག་ཡིན་ཚེ། འགན་བཅོལ་ཉོ་བའི་འཁོར་རིགས་ཀྱི་གྲངས་འབོར་ལ་ཚད་བཀག་མེད། འགན་བཅོལ་ཉོ་མཁན་འཁོར་བདག་མིན་ཚེ། བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནང་མི་གཅིག་གིས་མང་ཤོས་ལ་འཁོར་རིགས་3གྱི་འགན་བཅོལ་ཉོ་ཆོག འགན་བཅོལ་ཉོ་སྐབས་ལག་ཐོགས་ཁ་པར་ནས་ལས་སྒོ་ཕྱེ་ཡོད་ཚེ། འགན་བཅོལ་ཉོ་མཁན་དང་འགན་བཅོལ་འཇོག་སའི་གྲངས་འབོར་མི་3ལས་བརྒལ་མི་རུང་།