《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས།

སྣོད་བཅུད་དམངས་འཚོར་དམིགས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ལོ་གཉིས་ལྷག་ཙམ་རིང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་ཤུགས་ཆེན་བྱས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་གི་ཁུངས་སྣེ་130ཤེས་རྟོགས་ཐུབ་ནས་སྤྱི་ཕན་ཞུ་གཏུག་གི་གྱོད་གཞི་90གྱོད་དོན་ཐོ་འགོད་བྱས་པ་དང་། ཉེས་དོན་ཞོར་གཏོགས་ཀྱི་དམངས་དོན་སྤྱི་ཕན་ཞུ་གཏུག་གི་གྱོད་གཞི་7སྒྲུབ་གཉེར་བྱས་པ། འབྲེལ་ཡོད་སྲིད་འཛིན་ཚན་པར་ཞུ་སྦྱོར་མ་བྱས་གོང་ཞིབ་དཔྱོད་ཀྱི་གྲོས་འགོ་81བཏོན་པ། ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་གྱོད་གཞི་77བཅོས་སྒྲིག་དང་ལན་སློག་པ་རེད།

རྒྱལ་ཁབ་སྣོད་བཅུད་སྐྱེད་ཚལ་གྲོང་ཁྱེར་གཏོད་རྒྱུར་ཞབས་འདེགས་ཞུ་བར་དམིགས་ཏེ་སྣོད་བཅུད་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་ཁྱབ་ཁོངས་སུ་སྤྱི་ཕན་ཞུ་གཏུག་བརྒྱབ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་ནམ་མཁའ་སྔོ་བ་དང་། ཆུ་མོ་དྭངས་བ། ས་གཞི་གཙང་བ་བཅས་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁོར་ཡུག་སྦགས་བཙོག་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། འབྲེལ་ཡོད་སྡེ་ཚན་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་པ་མ་ཟད། སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་འགན་སྒྲུབ་བྱས་ཚུལ་ལ་ལྟ་སྐུལ་བྱས་པ་རེད།

རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་རྒྱུར་ཞབས་འདེགས་ཞུ་བར་དམིགས་ཏེ་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་སུ་སྤྱི་ཕན་ཞུ་གཏུག་བརྒྱབ་ཡོད། སློབ་གྲྭའི་ཉེ་འགྲམ་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་སྒྲིག་གཞིའི་བཟའ་བཅའ་དང་སྨན་རྫས་ཐོན་སྐྱེད་དང་བྲིན་ཚོང་བྱེད་རྒྱུ་ལྟ་སྐུལ་གྱི་གཙོ་གནད་དུ་བྱས་ནས། སྲིད་འཛིན་ལས་ཁུངས་ཀྱིས་ཚད་དང་མི་མཐུན་པ་དང་དུས་ཚོད་ཡོལ་བའི་བཟའ་བཅའ་དང་སྨན་རྫས་སྤྱི་རྒྱ་382.5དང་སྒམ་101ཞིབ་བཤེར་བཀག་ཉར་དང་མེད་པ་བཟོ་རྒྱུར་སྐུལ་མ་བཏང་བ་དང་། དེའི་རིན་གོང་བསྡོམས་འབོར་སྒོར་28370ལྷག་ཙམ་ཟིན་གྱི་ཡོད།

རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་རྒྱུར་ཞབས་འདེགས་ཞུ་བར་དམིགས་ཏེ་དཔའ་བོ་དང་སྔོན་གཤེགས་དཔའ་བོར་སྲུང་སྐྱོང་བྱེད་པའི་ཁྱབ་ཁོངས་སུ་སྤྱི་ཕན་ཞུ་གཏུག་བརྒྱབ་ཡོད། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་ཞུ་གཏུག་གྱོད་གཞི་1སྒྲུབ་གཉེར་བྱས་པ་དང་། རྫོང(ཆུས)ཀྱི་ཞིབ་དཔྱོད་ཁང་11གིས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་མཐིལ་རྟོགས་ཞིབ་བཤེར་ཐེངས་13བྱས་ཏེ་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉམས་གསོ་དང་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།