《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷ་ས་གྲོང་ཁྱེར་གྱིས།

ཤ་ཚལ་གྱི་འཁོར་རྒྱུག་ཁུངས་འདེད་མ་ལག་ཕྱོགས་ཡོངས་ནས་བསྐྲུན་པ།

2014ལོའི་ཟླ་བརྒྱད་པར། ཚོང་དོན་པུའུ་ཡིས་ལྷ་ས་གྲོང་ཁྱེར་ཤ་ཚལ་འཁོར་རྒྱུག་ཁུངས་འདེད་མ་ལག་གི་ཚོད་ལྟའི་གྲོང་ཁྱེར་ཁག་ལྔ་པའི་གྲས་སུ་འཇུག་རྒྱུའི་ཆོག་མཆན་དངོས་སུ་སྤྲད་པ་རེད། མ་ལག་འཛུགས་སྐྲུན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱིས་འཕྲལ་མར་མ་ལག་འཛུགས་སྐྲུན་གྱི་ཆེད་དོན་ཚན་ཁག་བཙུགས་ཏེ། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པས་ཙུའུ་ཀྲང་གི་འགན་འཁུར་བ་དང་། ཚོང་དོན་དང་། བཟའ་བཅའ་དང་སྨན་རྫས་ལྟ་སྡོམ། དྲིལ་བསྒྲགས། ནོར་སྲིད། འཕེལ་སྒྱུར་ཨུ་ལྷན། ཞིང་འབྲོག བཟོ་ཚོང་། སློབ་གསོ། བཟོ་འཕྲིན། སྤུས་ཚད་ལྟ་སྐུལ། སྤྱི་བདེ། རྫོང(ཆུས)སྲིད་གཞུང་། དོ་དམ་ཨུ་ལྷན་སོགས་སྡེ་ཚན་བཅས་ཁོངས་མིའི་ཚན་པར་བྱས་ནས་གྲོང་ཁྱེར་སྲིད་གཞུང་གིས་གཅིག་གྱུར་བཀོད་སྒྲིག་དང་། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་འཁུར་བ། ལྷུ་ཚིགས་ཁེ་ལས་ཀྱིས་ཧུར་ཐག་ཞུགས་པ་བཅས་ཀྱི་མཉམ་འགུལ་གྱི་ལས་དོན་ལམ་སྲོལ་ཞིག་ཆཌ་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་གྱི་ཤ་ཚལ་འཁོར་རྒྱུག་གི་ཁུངས་འདེད་མ་ལག་འཛུགས་པའི་ལས་དོན་རྒྱུན་གཏན་བཞིན་གཉེར་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་ཤ་ཚལ་འཁོར་རྒྱུག་གི་ཁུངས་འདེད་མ་ལག་གི་དོ་དམ་བྱེད་ཐབས》སོགས་ཀྱི་གཏན་འབེབས་བཏོན་པ་དང་། ཁུངས་འདེད་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་གྱི་འབྲེལ་ཡོད་ལམ་ལུགས་ཞིབ་ཚགས་སུ་བཏང་སྟེ། རྣམ་གྲངས་གསར་སྤེལ་བེད་སྤྱོད་དང་། མི་སྣའི་གསོ་སྦྱོང་། དྲིལ་བསྒྲགས་ཁྱབ་གདལ། ལྟ་སྐུལ་ཞིབ་བཤེར། སྒྲིག་ཆས་དོ་དམ་སོགས་ཐད་ནས་འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་ལྷུ་ཚིགས་ཁེ་ལས་ཀྱི་འགན་འཁྲི་ཁ་གསལ་དུ་བཏང་ནས་ལས་སྟེགས་ཡུན་རིང་འཁོར་སྐྱོད་བརྟན་པོ་ཡོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་པ་རེད།

ན་ནིང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་འགོ་ཁྲིད་ཀྱི་འགན་འཁྲི་ནན་པོ་འཁུར་བ་དང་རྩ་འཛུགས་ཀྱིས་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། 《ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང》དང《ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་བཟའ་བཅའི་བདེ་འཇགས་འཕྲལ་སྡོམ་ཐག་གཅོད་ལམ་ལུགས》དང《བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ལམ་ལུགས》བཅས་ཞིབ་འཇུག་གཏན་འབེབས་བྱས་པ་མ་ཟད། 《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམ་པོར་དམིགས་ཏེ། “བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ”དམིགས་ཚད་དུ་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱའི་ཁྱབ་གདལ་སློབ་གསོ་དང་དེ་བཞིན་བཟའ་བཅའི་ལས་རིགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་རྒྱ་ཁྱབ་ངང་སྤེལ་བ་དང་། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་འཛད་སྤྱོད་ཤེས་བྱ་དྲིལ་བསྒྲགས་བྱེད་པའི་སྒྲིག་འཛུགས་ཧུར་ཐག་བྱས་པ་དང་ཆབས་ཅིག ཤ་ཚལ་ཁུངས་འདེད་མ་ལག་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བས། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་བཟའ་བཅའི་བདེ་འཇགས་ལས་དོན་ཀྱི་ལས་ཀའི་ལམ་སྲོལ་ཁག་སྔར་བས་བརྟན་དུ་ཕྱིན་ཡོད།

འདི་ལོ་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་བཀོལ་སྤྱོད་བདག་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་རྒྱུན་རྣམ་ཅན་གྱི་བཀོལ་སྤྱོད་ལམ་སྲོལ་མགྱོགས་པོ་བཙུགས་ཡོད། ལྟ་སྐུལ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལྷུ་ཚིགས་གཉེར་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ཤ་ཚལ་འཁོར་རྒྱུག་ཁུངས་འདེད་མ་ལག་སྤྱོད་ཚད་དང་ཕན་འབྲས་མཐོ་རུ་ཏན་ཏིག་བཏང་སྟེ། ཤ་ཚལ་ཁུངས་འདེད་མ་ལག་ཧྲིལ་པོ་འཁོར་སྐྱོད་སྔར་བས་བརྟན་པོ་ཡོང་བ་བྱས་སྟབས། ཤ་ཚལ་ཐོན་རྫས་ཀྱི་ཡོང་ཁུངས་འདེད་ཆོག་པ་དང་། ཚོང་ཡུལ་ཞིབ་བཤེར་ཐུབ་པ། འགན་འཁྲི་རྩད་གཅོད་ཐུབ་པ་བཅས་བྱུང་བ་དང་། ཁུངས་འདེད་དང་འགན་འཁྲི་རྩད་གཅོད་ལམ་སྲོལ་ཆགས་ཤིང་། བློ་བདེ་བའི་ཤ་ཚལ་ཡོང་ཁུངས་ཀྱི་སྤུས་རྟགས་བཏོད་ཡོད།