《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས།

སྤྱི་ཕན་གཏུག་བཤེར་གཞི་གཅིག་ཅན་གྱི་ལམ་སྲོལ་འཐུས་སྒོ་ ཚང་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། 2017ལོའི་ཟླ་7པར་སྤྱི་ཕན་གཏུག་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན། ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་རང་འགུལ་ངང་འཆར་འགོད་དང་ལས་དོན་ཧུར་ཐག་བསྒྲུབས་ནས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར། ཁྱོན་བསྡོམས་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁུངས་སྣེ་338བསྡུ་རུབ་བྱས་པ་དང་གྱོད་དོན་ཐོ་འགོད་160བྱས་པ་རེད།

གཉིས་ཁེ་མང་ཕན་ལ་གཞིགས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དེ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཡུལ་དེ་གའི་ཏང་ཨུད་དང་མི་དམངས་འཐུས་ཚོགས་ལ་སྤྱི་ཕན་གཏུག་བཤེར་ལས་དོན་སྙན་སེང་ཞུས་པར་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་ཡོད། གཞི་རིམ་གྱི་ཞིབ་དཔྱོད་ཁང་ཁག་གིས་རང་ས་ཆའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྫོང(ཆུས)མི་དམངས་འཐུས་ཚོགས་དང་སྲིད་གཞུང་ལ་ཡིག་ཆ་བཟོ་བའམ་ཡང་ན་བརྡ་ཐོ་བཀྲམ་ནས་ཞིབ་དཔྱོད་ཀྱི་སྤྱི་ཕན་གཏུག་བཤེར་ལ་རྒྱབ་སྐྱོར་བྱེད་རྒྱུར་སྐུལ་འདེད་བཏང་བས་ཁྱབ་རྒྱ་87.5%ཟིན་གྱི་ཡོད།

དཔེ་སྟོན་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བ་བྱས་ནས“གཙོ་འགན་འཁུར་མཁན”གྱི་འདུ་འགོད་ཡག་པོ་སྤེལ་ཞིང་། ཅན་ཁྲ་ཀྲང་དང་གཙོ་གཉེར་དོ་དམ་ཅན་ཁྲ་ཀྲང་གཞོན་པ་ངོ་མས་གྱོད་གཞི་སྒྲུབ་སྣེ་འཁྲིད་པ་དང་། གྱོད་གཞིའི་གནས་ཚུལ་ལ་དབྱེ་ཞིབ། མཐུན་སྦྱོར་ཡག་པོ་བྱེད་པ། འགལ་རྐྱེན་སེལ་བ། ཁྲིམས་སར་ཞུ་གཏུག་བཅས་བྱས་པ་རེད། གཞི་གཅིག་ཅན་གྱི་གྱོད་སྒྲུབ་དང་གྱོད་གཞི་ཚབས་ཆེན་སྒྲུབ་པའི་ལམ་སྲོལ་བཟོས་ཏེ་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཆེད་ལས་ཅན་གྱི་གྱོད་སྒྲུབ་ཚོགས་པའམ་གྱོད་སྒྲུབ་ཚོགས་ཆུང་བཙུགས་པ་རེད། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཞིབ་དཔྱོད་སྟོབས་ཤུགས་བཀོད་སྒྲིག་ལེགས་གཏོང་གིས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་མི་སྣའི་གྱོད་སྒྲུབ་འཇོན་ཐང་དང་ལྟ་སྐུལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་རེད།

སྲོག་ཤིང་ཡིན་པའི“སྤྱི་ཕན”ལ་སྲུང་སྐྱོང་མངོན་གསལ་དོད་པོ་བྱས་ནས་གྱོད་སྒྲུབ་ཀྱི་ཕན་འབྲས་ལ་སྣང་ཆེན་བྱས་ཤིང་། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་ཚང་མ་ཁུངས་སྣེ་གྲལ་བཤེར་དང་། གྱོད་དོན་ཐོ་འགོད། ཞིབ་དཔྱོད་ཀྱི་གྲོས་འགོ། ཞུ་གཏུག་བཅས་ཚང་མར་ཉིང་ཁྲི་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་འགག་སྒོ་ནན་པོ་སྲུང་བ་དང་། གྱོད་གཞི་གལ་ཆེན་རྣམས་གཙོ་གཉེར་དོ་དམ་ཅན་ཁྲ་ཀྲང་གཞོན་པར་ཞིབ་མཆན་འགོད་རྒྱུར་སྐྱེལ་བ། སྲིད་འཛིན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིར་ཞུ་གཏུག་མ་བརྒྱབ་གོང་ནས་ཐག་གཅོད་ཐུབ་པའི་བརྩོན་ལེན། དམངས་དོན་གྱི་སྤྱི་ཕན་གཏུག་བཤེར་གྱོད་གཞིར་ཁེ་དབང་སྲུང་སྐྱོང་དང་སྐྱིན་གསབ་གནད་སར་འཁྱོལ་བར་སྣང་ཆེན་བཅས་བྱས་ཏེ་གྱོད་གཞི་ཚང་མར་ཆབ་སྲིད་དང་། བཅའ་ཁྲིམས། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱས་པ་རེད། “སྔོ་ལྗང་ལ་གཅེས་སྤྲས་ཀྱི་སྣོད་བཅུད་སྲུང་སྐྱོང”སྤྱི་ཕན་གཏུག་བཤེར་གྱི་ཆེད་དོན་བྱེད་སྒོ་སྤེལ་ཏེ་སྣོད་བཅུད་ཁོར་ཡུག་ལ་ཞིབ་དཔྱོད་ཐད་ནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་ཉིང་ཁྲིའི་ལྗང་མདོག་སྣོད་བཅུད་གོང་འཕེལ་ཡོང་བར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།

(ཚེ་སྒྲོལ་གྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)