《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年01月14日

ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་ལས་ཁུངས་ཀྱིས།

གྱོད་གཞིའི་ཁུངས་སྣེ་ཡོང་ཁུངས་ཀྱི་ཐབས་ལམ་རྒྱ་སྐྱེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ལོ་གཉིས་ལྷག་རིང་། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་འཛིན་གྱོད་སྒྲུབ་ལྟེ་བར་འཛིན་པ་མཐའ་འཁྱོངས་བྱས་ཏེ་ལམ་སྲོལ་གསར་གཏོད་དང་གནད་སྨིན་ཤུགས་འདོན་གྱིས་སྤྱི་ཕན་ཞུ་གཏུག་ལས་དོན་ཡག་པོ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་རིམ་གཉིས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་གྱོད་གཞིའི་ཁུངས་སྣེ་427ཤེས་རྟོགས་ཐུབ་པ་ལས་253གྱོད་ཁོངས་སུ་བཅུག་པ་དང་། ཞིབ་དཔྱོད་གྲོས་འགོ་223བཏོན་པ། ཉེས་དོན་ཞོར་གྱི་དམངས་དོན་སྤྱི་ཕན་གྱོད་གཞི་1ཞུ་གཏུག་བརྒྱབ་པ་བཅས་རེད།

“མི་གཅིག་གསུམ་འབྲེལ་”གྱི་ལས་དོན་ལམ་སྲོལ་གསར་གཏོད་བྱས་ཤིང་། “མི་གཅིག་གསུམ་འབྲེལ”ནི“མི་གཅིག་གིས་སྲིད་འཛིན་ལས་ཁུངས་གཅིག་དང་འབྲེལ་གཏུག་བྱེད་པ་དང་། མི་གཅིག་གིས་ཁྱབ་ཁོངས་གཅིག་ལ་ཞིབ་འཇུག་བྱེད་པ། མི་གཅིག་གིས་རྫོང་ཞིབ་དཔྱོད་ཁང་གཅིག་དང་འབྲེལ་གཏུག་བྱེད་པ”བཅས་ལ་ཟེར། གྱོད་གཞི་རེར་རྫོང་དེའི་ཞིབ་དཔྱོད་ཁང་ལ་འབྲེལ་གཏུག་བྱེད་མཁན་དང་། ཁྱབ་ཁོངས་དེ་ལ་འགན་འཁུར་མཁན། དེ་དང་འབྲེལ་ཡོད་ཀྱི་སྲིད་འཛིན་ལས་ཁུངས་དང་འབྲེལ་གཏུག་བྱེད་མཁན་གྱི་ལས་བྱེད་པ་དང་ཉེན་རྟོག་པ་གསུམ་གྱིས་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས“ལག་ལེན་མཐའ་འཁྱོལ་བྱེད་པའི”གྱོད་སྒྲུབ་རྣམ་པ་ལག་བསྟར་བྱས་ཏེ་བརྒྱུད་རིམ་ཡོངས་ལ་མཛུབ་ཁྲིད་བྱས་པ་རེད།

“དམངས་ཕན་འབྲེལ་གཏུག་པའི”ལས་དོན་ལམ་སྲོལ་ལག་བསྟར་བྱས་ཤིང་། སྤྱི་ཕན་ཞུ་གཏུག་གྱོད་གཞིའི་ཁུངས་སྣེ་ཉུང་བ་དང་ཁུངས་སྣེ་རྟོགས་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། འཕྱོངས་རྒྱས་རྫོང་ཞིབ་དཔྱོད་ཁང་གིས་ཐོག་མཐའ་བར་གསུམ་དུ“སྤྱི་ཕན”ལྟེ་བར་བྱས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་ཧུར་ཐག་བྱས་ཏེ་ཁོངས་གཏོགས་ཤང་དང་གྲོང་རྡལ་4ཚང་མར“དམངས་ཕན་འབྲེལ་གཏུག་པ”གཏན་འཁེལ་བྱས་པ་རེད།

ནུས་ཤུགས་ཡོད་རྒུས“ཡར་ཀླུང་གཙང་པོའི་ཆེད་དོན་སྲུང་སྐྱོང་བྱེད་སྒོ”སྤེལ་ཞིང་། ལྷོ་ཁ་གྲོང་ཨུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཀྱི་བཀོད་སྒྲིག་བླང་བྱ་རབ་དང་རིམ་པར་དམ་པོར་དམིགས་ཏེ་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ལྷོ་ཁའི་ས་ཁོངས་ཀྱི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྦགས་བཙོག་གྱོད་གཞི་ལ་ཆེད་དོན་བཅོས་སྒྲིག་བྱས་ཤིང་། ཆེད་དོན་བྱེད་སྒོའི་ཁྲོད་གྱོད་གཞིའི་ཁུངས་སྣེ་བསྡོམས་60གསེད་བཀྲོལ་བྱས་པ་དང་། ཁག27གྱོད་ཁོངས་སུ་བཅུག་པ། ཞུ་གཏུག་མ་བྱས་གོང་གི་ལས་རིམ་ཁག་25ལག་བསྟར་བཅས་བྱས་པ་དང་། ལྟ་སྐུལ་བྱ་ཡུལ་ཚན་པས་དག་ཐེར་ཧུར་ཐག་བྱས་ཏེ་འཚོ་བའི་གད་སྙིགས་བསྡོམས་ཏུན་260(ས་ཆ་བཟུང་ཚད་མུའུ་130ཙམ)དང་གདོས་བཅས་སྙིགས་རོ་ཏུན་123ལྷག་གཙང་སེལ་བྱས་ཏེ་ལྷོ་ཁའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་འགན་ལེན་ནུས་ལྡན་བྱས་ཡོད།

“གཞི་གཅིག་ཅན”གྱི་གྱོད་སྒྲུབ་ལམ་སྲོལ་དོན་འཁྱོལ་བྱས་ཤིང་། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི“གཞི་གཅིག་ཅན”གྱི་གྱོད་སྒྲུབ་ལམ་སྲོལ་གྱི་བླང་བྱ་གཞིར་བཟུང་། ན་ནིང་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་དམངས་དོན་སྲིད་འཛིན་ལས་སྒོའི་རིགས་གཅིག་མཁས་ཅན་6སྐོང་འཐེན་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཞིབ་དཔྱོད་ཁང་5རུ་སྤྱི་ཕན་ཞུ་གཏུག་གྱོད་གཞི་7ཐག་གཅོད་ལ་མཛུབ་ཁྲིད་བྱེད་པར་བཏང་བར་རེད། ཞིབ་དཔྱོད་ཀྱི་གྲོས་འགོ་ཁག་9བཏོན་ཏེ་གྱོད་སྒྲུབ་ཀྱི་གོ་རིམ་ནན་ཏུ་བཏང་ནས་གྱོད་གཞིའི་སྤུས་ཚད་འགན་ལེན་གྱིས་གཞིས་རྩེ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་པའི་ཞུ་གཏུག་གི“སྟོང་ཆ་སེལ་བའི”ལས་འགན་བདེ་བླག་ངང་བསྒྲུབས་ཡོད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)